ཚིག་གི་རླུང་བུ་ཡིས་བདས་པའི།།
དགའ་སྡུག་ཤིང་ལོ་ཡི་ངང་ཚུལ།།
གནམ་སའི་བར་སྣང་དུ་སྤུར་བས།།
ཞེ་བློ་ཨ་ཐང་རེ་ཆད་བྱུང་།།
བདག་ཡིད་ནམ་མཁའ་ཡི་དཀྱིལ་ནས།།
ཀུན་རྟོག་གློག་འགྱུ་དེ་འཕྲོས་འདུག།
དགའ་སྡུག་མིག་ཆུ་ཡི་ཆར་འབྲུ།།
མཁུར་ངོས་ས་ཆེན་དུ་ལྷུང་བྱུང་།།
ངེས་མེད་དབྱར་གཞུང་གི་ནམ་ཟླ།།
སྙིང་གི་རི་ངོགས་སུ་འཕོས་པས།།
རྟག་བརྟན་དགའ་སྐྱིད་ཀྱི་ཉི་མ།།
མི་ཁའི་སྤྲིན་ནག་གིས་བསྒྲིབས་སོང་།།
བསྟོད་སྨད་མཚོ་ཆེན་གྱི་རླབས་རིས།།
སེམས་ཀྱི་ནེམ་ས་རུ་འཕྱུར་བས།།
དམ་ཆོས་ཆུ་རགས་དེ་མེད་ན།།
ཞི་སེམས་ཉ་མོ་དེ་འཁོར་དཀའ།།
རྔོན་པའི་ལག་ནང་གི་དུག་མདའ།།
ཕར་ཕྱོགས་ཤྭ་ཆེན་ལ་མ་ཕོག།
རྣ་ཅོག་ལེབ་སྙི་ལ་ཐེབས་པས།།
འདྲོག་འདྲོག་རྩྭ་ཆུ་ལ་རོལ་འདུག།
གཞན་བརྗོད་བྲག་ཆ་ཡི་མདའ་མོ།།
ཡ་ཁོག་སྙིང་དབུས་ལ་ཕོག་པས།།
དགའ་སྐྱོ་རྨིག་རྗེས་ཀྱི་རི་མོ།།
ཞལ་ངོའི་ཐང་ཆེན་དུ་བཀྲ་བྱུང་།།
མི་ཁའི་བྱིའུ་ཆུང་གི་གཤོག་སྣེ།།
སེམས་ཀྱི་འཁྲི་ཤིང་དུ་བབས་འདུག།
ཚོར་བའི་ཡལ་འདབ་ཀྱི་ལོ་མ།།
མི་བརྟན་ཤིག་ཤིག་ཏུ་འགུལ་ལོ།།
ཁ་ཡག་འཇའ་ཚོན་གྱི་སྣང་བ།།
མི་ཚོགས་མཁའ་དབྱིངས་སུ་བཞད་མོད།།
བདས་ཀྱང་ཐོབ་པ་རུ་མི་འདུག།
ཡིད་ཆད་སྐྱོ་བ་དེས་གཙེས་བྱུང་།།
མཚན་སྨག་མཁའ་དབྱིངས་ཀྱི་སྐར་མདའ།།
ལྷོ་མཐའི་ཕྱོགས་སུ་ཡང་མ་ལྷུང་།།
བདག་གི་བྲང་གཞུང་ལ་ཐེབས་པས།།
སེམས་འགྱུའི་ཁྲག་རྒྱུན་དེ་བརྡོལ་ལོ།།
དུས་མཐའི་རླུང་ཆེན་གྱི་འཇིགས་པས།།
སྣོད་བཅུད་གཏོར་བ་རུ་མ་བྱུང་།།
རྣ་བར་ལྡང་བ་ཡི་རླུང་བུས།།
ཀུན་རྟོགས་རི་རྒྱལ་དེ་གཡོས་བྱུང་།།
༼ གདོང་རིགས། ༽