ཆུ་འཛིན་གྱི་ཕུང་པོའི་བར་ནས་མངོན་ཙམ་བྱས་པའི་
སེར་ལམ་ལམ་གྱི་ཞོགས་པའི་གནམ་གཤིས་གཡར་ཏེ།
ངས། རྒྱུས་མེད་ཀྱི་གཞན་ཡུལ་ཞིག་ནས།
སྟོན་མཇུག་གི་ཡུལ་གྲུ་སོ་སོ་ལ།
པར་མིག་ཡང་ཡང་བསྐོར་དུས།
སྐྱ་ཀོང་ཀོང་དུ་ལུས་པའི་ཤིང་སྡོང་བགྲེས་པོ་ཞིག་གི་རྩེ་ནས།
ངས། ཨ་མའི་ཞལ་རས་མཇལ་བྱུང་།
གྲང་ཤུར་ཤུར་གྱི་བསིལ་རླུང་ཁྲོད་ནས།
ངས། ལོ་མ་སེར་པོ་དང་མཉམ་དུ་ཨ་མའི་དབུ་སྐྲ་མཐོང་བྱུང་།
ང་རང་པར་མིག་གི་ཁ་གཏད་ལ་འགྲེངས་ནས།
སྨྲ་བ་ཆད་ཅིང་དབུགས་ཀྱི་རྒྱུ་བ་ལྷོད་པོར་གྱུར།
ཕྱིར་འཁོར་ནས་བསམ་གཞིག་གི་མཁའ་ལ་རྩེན་པ་ན།
རྒྱང་རིང་ཞེས་པའི་མིང་འདི་ཨ་མ་དང་འབྲེལ་
བ་དམ་པོ་འདུག།
ཨ་མས་ང་རང་མི་ཚེ་གང་པོར་གཉའ་བར་འཁུར་བཞིན་གདའ།
ང་ནི་ཨ་མའི་པང་དུ་ན་སོན་རྒྱུ་མེད་པའི་བྱིས་པ་
བསམ་མེད་དེ་རེད་བཞག།
ངས་ཨ་མ་དྲན་པ་ནི་ཉི་འོད་དྲན་པ་དང་།
ངས་ཨ་མ་དྲན་པ་ནི་ལྷས་ར་དྲན་པ།
ངས་ཨ་མ་དྲན་པ་ནི་འོ་མ་དྲན་པ་ཡིན་ནམ།
ཐ་སྙད་ཀྱི་ཕྲེང་བ་ཇི་ལྟར་བགྲངས་ཀྱང་།
འཛད་མཐའ་མེད་པའི་བྱིན་རླབས་ནི།
ཨ་མས་གཅེས་ཕྲུག་ལ་གནང་བའི་ནུ་ཞོ་དཀར་པོ་དང་།
ཐབས་དང་ཤེས་རབ་ཀྱི་ཕྱག་ཟུང་དྲོད་མོ།
དབྱངས་གསལ་སོ་བཞིའི་འགྱུར་ཁུག་སྙན་མོ་བཅས་རེད་ཨང་།
༼ ལྷ་ཚང་ཚུལ་བསྟན། ༽