སྐུ་ལ་འོ་མའི་གང་བུ་རབ་གྲོལ་ཞིང་།།
གསུང་འཇམ་དབྱངས་ཀྱི་ལྷུག་མ་རང་དུ་གྲོལ།།
ཐུགས་ཀློང་ནམ་མཁའི་དབྱིངས་སུ་ཆོས་ཀུན་གཟིགས།།
རྒྱལ་ཡུམ་མཚོ་འཁྲུངས་མ་ལ་ཕྱག་འཚལ་ལོ།།
ཕྱོགས་མཐའ་སྲིད་ཞིའི་མེ་ཕུང་ག་པུར་མཆེད།།
ཉེ་བར་དུད་པའི་ལྗོན་པའང་སྲེག་ལ་བྲེལ།།
སྙིམ་པའི་མཚོ་ལ་གཉུག་མར་ངང་བཞུགས་ཀྱི།།
དབྱངས་ཅན་ལྷ་མོས་སྤྱན་དབུས་ད་ཕྱེ་མཛོད།།
ངན་རྟོག་མུན་པའི་དུད་སྤྲིན་མཁའ་ལ་འཕྱུར།།
རྐྱེན་ངན་འཐོར་རླུང་འཕྲལ་དང་འཕྲལ་གྱིས་གཡོ།།
འཕྱན་པའི་བདག་ལ་འདོད་སྲེད་རང་སོལ་གྱི།།
ལེགས་བྱས་མཚོ་མོའི་ཁྲུས་ལས་ད་འཁྲུད་མཛོད།།
སྤྱིར་ན་དབྱངས་ཅན་མི་རིང་གདེངས་ཀའི་རྩེར།།
ཉེས་བཤད་ཆུ་རིས་གསལ་བཞིན་མཆིས་ཀྱང་སྲིད།།
ལྟར་སྣང་བདག་བློའི་བདེན་འཛིན་བསལ་བའི་སླད།།
རྒུད་པའི་ཚ་གདུང་གཞོམ་ལ་ད་ཕེབས་མཛོད།།
བསམ་གཏན་ཀྱོ་བས་བདེ་ལ་རབ་བཞུགས་ནས།།
ཉམས་རྟོགས་གྲུ་ཆར་འཇོ་བའི་དབྱངས་ཅན་མས།།
སྙན་འཇེབས་དབྱངས་ཀྱི་རོལ་མོའི་སྟངས་སྟབས་ཉིད།།
ཐོས་འཛིན་བུ་གའི་སྙིང་པོར་སྤེལ་བར་མཛོད།།
རེ་དོགས་འཁྲི་ཤིང་ལྕུག་མའི་རྒྱར་ཚུད་པས།།
མི་བྱེད་དད་པས་དབྱངས་ཅན་འབོད་ལགས་ན།།
འདོད་རྒུར་སྒྱུར་བའི་ཚན་ཁ་མ་གནང་ཡང་།།
ཟབ་དབྱངས་སྙན་པའི་བྱིན་རླབས་ཆར་སྙིལ་མཛོད།།
༼ ཚོར་སྦྲང་། ༽