国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་མཚན་ལྡན་དགེ་རྒན་ལྕགས་ཐར་རྒྱལ་གྱི་ལས་སྒྲུབ་ཁང་དང་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་གཉིས་ཀྱིས་མཉམ་དུ་སྐད་ཡིག་ཤེས་བྱ་འགྲན་སྡུར་སྤེལ།

འགྲན་སྡུར་གྱི་ཡུལ་དངོས།

ཉག་ཆུ་རྫོང་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་གི་སློབ་མ་ཡོངས་ཀྱི་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་དང་སྤྲོ་བ་སྐྱེད་སྲིང་གི་ཆེད་དུ། དཀར་མཛེས་ཁུལ་མཚན་ལྡན་དགེ་རྒན་ལྕགས་ཐར་རྒྱལ་གྱི་ལས་སྒྲུབ་ཁང་དང་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་གཉིས་ཀྱིས་མཉམ་དུ་བོད་སྐད་ཡིག་ཤེས་བྱ་འགྲན་སྡུར་སྤེལ།

འགྲན་སྡུར་འདིར་བྱ་རིམ་གསུམ་ཡོད་དེ། ཐོག་མའི་ཡིག་རྒྱུགས་ལ་སློབ་མ1452ཞུགས་ཡོད་པ་དང་། བར་མའི་གདམ་ཀ་འགྲན་སྡུར་ལ་འཛིན་གྲྭ་རེ་ནས་སློབ་མ་གསུམ་རེ་ཞུགས། སྤྱི་ཟླ12པའི་ཚེས22ཉིན་གྱི་ཕྱི་དྲོར་བོད་སྐད་ཡིག་གི་ཤེས་བྱ་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་དེ་སློབ་གྲྭའི་སྐས་ཐེམ་སློབ་ཁང་དུ་སྤེལ། མགར་ར་སློབ་འབྲིང་གི་དབུ་ཁྲིད་དང་དགེ་རྒན། འགྲན་ཞུགས་སློབ་མ་སུམ་ཅུ་སོ་དྲུག། དགེ་རྒན་ལྕགས་ཐར་རྒྱལ་དང་ཁོང་གི་ལས་སྒྲུབ་ཁང་གི་དགེ་རྒན་དྲུག་ཐེངས་འདིའི་བྱེད་སྒོར་ཞུགས།

སློབ་གྲྭའི་སློབ་གཙོ་ཡང་ཅན་ཁང་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་དང་འབྲེལ་ཏེ་བོད་སྐད་ཡིག་སྦྱོང་བའི་དམིགས་ཡུལ་དང་དགོས་པ། རིན་ཐང་སོགས་ཀྱི་སྐོར་ནས་གསུང་བཤད་གནང་ནས་རྟིང་རྩོད་འགྲན་སྡུར་གྱི་དབུ་ཚུགས།

འགྲན་སྡུར་ཁྲོད་དུ་གདམ་ཀ་ལན་འདེབས་དང་མྱུར་ལན་འདེབས་པ། དཀའ་གནད་ལན་འདེབས། འགྲན་སྡུར་གྱི་ཟུར་ཞུགས་སློབ་མར་ལན་འདེབས་སུ་འཇུག་པ་སོགས་ཀྱི་འགྲན་རིམ་སྣ་ཚོགས་ཡོད་པས། སློབ་མ་དག་གི་སྤོབས་པ་སྦྱོང་བརྡར་དང་སྤྲོ་བ་སྐྱེད་སྲིང་། སློབ་སྦྱོང་ཡར་རྒྱས། སྐད་ཡིག་གི་རིན་ཐང་རྟོགས་པ། མཐོང་ཐོས་ཀྱི་རྒྱ་བསྐྱེད་པ། མཐུན་སྒྲིལ་གྱི་བསམ་བློ་སྐྱེད་སྲིང་སོགས་ཀྱི་དགེ་མཚན་རབ་ཏུ་ལྡན་པས། དེ་དག་ནི་དགེ་སློབ་ཡོངས་ཀྱི་འདྲེན་བྱེད་བུང་བ་རྩེན་པའི་གཟིགས་མོར་གྱུར།

མཇུག་མཐར། དཀར་མཛེས་ཁུལ་མཚན་ལྡན་དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་ཐེངས་འདིའི་ཤེས་བྱ་འགྲན་སྡུར་ལ་རྔུལ་ཆུ་འདོན་མཁན་གྱི་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས་དགེ་སློབ་ཡོངས་ལ་སྐད་ཡིག་སློབ་གསོའི་འབྱུང་འགྱུར་ལ་རེ་བ་བཏོན་ནས་ཐེངས་འདིའི་བྱ་འགུལ་དེ་འགོ་བཀྲ་ཤིས་ཤིང་མཇུག་དོན་འགྲུབ་པའི་སྒོ་ནས་ལེགས་པར་མཇུག་སྒྲིལ།

དེ་ནི་མཚན་ལྡན་དགེ་རྒན་ལྕགས་ཐར་རྒྱལ་གྱི་ལས་སྒྲུབ་ཁང་དང་མགར་ར་སློབ་འབྲིང་གི་དབུ་ཁྲིད་རྣམ་པ་གཙོས་པའི་དགེ་རྒན་ཡོངས། འགྲན་སྡུར་ལ་ཞུགས་པའི་སློབ་གྲོགས་ཡོངས། མདོར་ན་འབྲེལ་ཡོད་མི་སྣ་ཡོངས་ཀྱི་དཀའ་སྡུག་གི་རྔུལ་ཆུ་དང་ཞིབ་ཚགས་ཀྱི་བཀོད་སྒྲིག་འོག་ཏུ། ཐོག་མའི་འཆར་གཞི་ནས་བར་གྱི་ལག་བསྟར། མཇུག་གི་མཛད་སྒོ་བཅས་ཤིན་ཏུ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བས། སྐད་ཡིག་སློབ་གསོ་འཕེལ་བའི་རྒྱུ་རུ་གྱུར་ཡོད།།

(དཀར་མཛེས་ཁུལ་མཚན་ལྡན་དགེ་རྒན་ལྕགས་ཐར་རྒྱལ་ལས་སྒྲུབ་ཁང་ནས།)