ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་བ་དང་པོའི་ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཟླ7ཚེས17ཉིན་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཏེ།《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས》ཞེས་པ་བཀོད་པ་རེད། རྩོམ་ཡིག་ནང་ནན་བཤད་བྱས་དོན། སླད་ཕྱིན་གྱི་ལོ་ལྔ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་ལེན་བསྟར་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་ལ་འཇོག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་དགོས།( པར་ངོས་བཞི་པར་གཟིགས།)
