国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞེ་འདང་མ།

ཞེ་འདང་བྱམས་པ་མེ་རོ་སེམས་སུ་ལྡང། །

ཆུང་འདྲིས་བྱམས་པ་ཁྱོད་རང་སྙིང་ལ་འཁོར། །

ལོ་ཟླའི་འགྲུལ་བཞུད་ནང་གི་ཟླ་བ་མཚོ། །

བདག་ཡིད་གཏིང་ནས་གསལ་བའི་སྣང་འཕྲུལ་མ། །

ཕྱི་དྲན་ཟླ་བའི་དཀྱོག་མཚམས་ལྷན་དུ་རྩེན། །

མ་འོངས་སེམས་ཀྱི་འཁྲི་ཤིང་གཅིག་ལ་སྦྲན། །

གནམ་རྒྱལ་ལས་དབང་ལྷ་མོའི་ཐུ་འོག་ནས། །

ང་དང་ཚེ་རིང་མཚོ་མོའི་ནམ་ཟླ་ཟད། །

སེམས་ཁོང་ཤར་རིའི་ཟླ་བ་དྭངས་ཤིང་གཙང་། །

སྡུག་མུན་སེམས་ཀྱི་སྐྱོ་གདུང་ཅི་ཆ་གཏོར། །

ཡང་དག་བློ་ཡི་དགོད་སྒྲ་ལྷང་ལྷང་རྩེན། །

མ་བཅོས་སྙིང་གི་མེ་ཏོག་ཁྱེད་ལ་ཕུལ། །

གནམ་སྔོན་དག་པའི་དབྱིངས་སུ་སྨུག་པ་ལྡང་། །

རི་ལུང་ནོར་འཛིན་ལྟེ་བར་ཆར་ཕྲན་བཞུར། །

སེམས་ཉིད་དག་པའི་ཁོང་དུ་ལྷ་མོ་འཁྲུངས། །

ང་ཡི་ལོ་ཟླའི་བྱམས་པ་དུས་འདིར་དྲན། །

ཞལ་ཁྱིམ་དཀར་གསལ་སྒེག་མོ་ཟླ་བའི་འཕྲུལ། །

ཉམས་འགྱུར་ཡིད་དུ་འབབ་པ་དབྱངས་ཅན་གར། །

སྙན་འཇེབས་ངག་གི་རིག་བྱེད་ཁུ་བྱུག་གླུ། །

ལྷན་སྐྱེས་མཛེས་པའི་བུ་མོ་སེམས་ཀྱི་མི། །

ལོ་རབས་བརྒྱད་ཅུས་ཟིན་པའི་ཡར་སྔོན་ནས། །

བརྩེ་ཆེན་བྱམས་པའི་མི་ལ་བག་ཆགས་རྫོགས། །

ཚེ་འདིར་སྐལ་བཟང་ལས་དབང་ཐེངས་གཅིག་འདིས། །

མི་མངོན་ཞེ་འདྲིས་མེ་ཏོག་ཕན་ཚུན་འཐོར། །

ཚང་ཚིང་གཡུ་ལོ་བཞད་པའི་སྐྱེད་ཚལ་དུ། །

མཛེས་སྡུག་མེ་ཏོག་ལྷན་འཛོམས་དགྱེས་པའི་ཁྲོད། །

བདག་ཡིད་རྩེ་གཅིག་མགུ་བའི་པདྨ་དཀར། །

སད་སེར་ཁ་བས་བརྡུངས་ཀྱང་རྟག་ཏུ་གཅེས། །

ཚེ་རབས་ལེའུ་མང་པོར་ངལ་བས་འཚོལ། །

བདེ་སྡུག་ཀྱོག་ལམ་རིང་ཐུང་བརྒལ་བའི་ཞོར། །

ཞེ་འདང་འགྱུར་མེད་དགོད་སྒྲ་རྩེ་གཅིག་གིས། །

མ་བཅོས་སེམས་ཀྱི་རོགས་ལོ་བདེ་ལགས་སམ། །

༼ རང་མདངས། ༽