འཇིག་རྟེན་གྱི་དགའ་སྡུག་མཚོན་བྱེད་དུ།
ངས་མངར་སྐྱུར་གཉིས་དྲངས་ཏེ།
རྐན་གྱི་སུམ་མདོ་རུ་མྱངས་པའི།
སྐྱུར་རུ་ལེབ་མོ་ཚིག་གིས་དཀྲུགས་ཤིང་།
ཁྱོད་ཀྱི་སུན་སྣང་དང་དགའ་སྡུག།
ང་ཡི་ཁེར་རྐྱང་དང་གདུང་བ།
བྲིས་མི་ཚར་བའི་ལོ་ཟླའི་ལྟེབས་ཁུད་དུ་
གཅུད་དེ།
སྤྲིན་དང་རི་བོའི་འདྲེས་མཚམས་སུ་
སྦས་ཤིང་།
རྣམ་དཔྱོད་ཀྱི་མེ་རོ་སླར་ཡང་གསོ་
བར་བརྩམས།
ཕྱེད་ཀ་རླུང་གིས་རྔུབ་པའི་ཐ་མག་རྐང་
གཅིག་ལ།
ཚོར་བའི་ཡན་ལག་བཀལ་ཏེ།
སྟོང་ཆར་ལུས་པའི་འཇིག་རྟེན་འདིའི་འདྲི་
རྟགས་རེ་རེ།
ཚིག་གི་སྙི་ས་ནས་འཐེན་ཏེ་མདུན་དུ་
བསུས་ཤིང་།
ལྟ་གྲུབ་གསར་པར་རྒྱང་མིག་གིས་
འཚོས་ཏེ།
མངར་སྐྱུར་དང་མག་མོག་མཐའ་དག།
འཇིག་རྟེན་ཀྱི་ཕྱི་ཤུན་རྐྱང་རྐྱང་དུ་སྒྲུབ་ཀྱིན།
རང་ཉིད་ལ་བདག་མེད་ཀྱི་བདེན་ཁ་སྟེར་
བར་བྱས།
ཡིན་ཡང་ལན་རེར།
སངས་རྒྱས་འོད་དཔག་མེད་ཀྱི་གཙུག་ཏོར་
ནས་བྱུང་བའི།
ཆོས་ཉིད་ཀྱི་གཟུགས་འགྱུར་ལ་དྲན་པ་གླན་
ཐེངས་རེར།
ཁོ་ཐག་མི་ཆོད་པའི་ནང་སེམས་ཀྱི་འཁུན་སྒྲ་
མ་ལུས།
དབང་མེད་དུ་གཏོང་བར་ཐེ་ཚོམ་མེད་ཅིང་།
རྒྱུ་འབྲས་ཀྱི་གཏན་ཚིག་ཡོད་དོ་ཁུངས་ནས་
བརྡིབས་ཏེ།
ཆོས་ཉིད་ཀྱི་ཐག་སྣེ་རུ་འཐེན་མཁན་དེ་རང་
ཉིད་ཡིན་ན་བསམ།
འོལ་ཚོད་དུ།
ལོ་དང་ཟླ་བར་བསགས་པའི་བདག་འཛིན་
གྱི་སྙིགས་རོ་དེ་དག།
རྒས་གཉེར་ཆགས་ཤིང་འཁར་བར་རྟེན་པའི།
རྙིང་ཞེན་གྱི་རྒན་པོ་མགོ་དཀར་ཞིག་ལ་དཔེ་
དྲངས་ཏེ།
རྩ་ཉོན་དྲུག་བཏང་སྙོམས་སུ་བསྒྱུར་ཅིང་།
སྲོག་གི་ཕོན་ཐག་ལ་སེར་སྣ་སྤུ་ཙམ་མེད་པར།
ས་ཆེན་གྱི་འཁྲིས་སུ་སྐར་ཆུང་གི་ལང་ཚོ་བྲིས།
༼ མགར་ཐང་དཀར། ༽