དུས་ཚོད་ཀྱི་མཐའ་ལ་ཉེ་བའི་རང་ཉིད་དེ།
ནམ་ཟླ་རྫོགས་མཐའ་བྲལ་བའི་ཞག་གྲངས་ཆིག་སྟོང་།
སྙིང་ཉེ་བའི་ཟླ་བ་དང་སྐར་ཚོགས་ཇི་སྙེད།
ད་དུང་གླེང་རིན་བྲལ་བའི་མཚན་མོའི་མུན་པ་དེ་དག།
འབྱམས་ཀླས་པའི་ཡུལ་གྲུ་རུ་ཅི་འདྲའི་ཁུ་སིམ་མེར་གྱར།
རྨི་ལམ་གྲངས་མེད་གཅིག་གི་སྟེང་འོག།
ན་ཚོད་དེ་དག་ཀྱང་ལྷིང་འཇགས་ཀྱི་ཕ་རོལ་བརྒལ་ནས།
ཕྱི་དང་ནང་གི་ཚོར་བ་ཡོད་དགུ་དོ་ནུབ་སྒུར་བ་ཙམ།
འཁྱོལ་དཀའ་བའི་མཚན་མོ་རུ་རྨི་ལམ་རྨིས་པ་འདོད།
སྐྱེ་བ་བརྒྱ་དང་སྟོང་ཕྲག་གི་མདུན་རྒྱབ།
ང་དང་ངའི་ལོ་ཟླ་ཁ་ཚང་ཞིག་གི་མགོ་མཇུག།
དོན་དུ་སྙིང་པོ་ཡོད་ཡོད་ཀྱི་འཚོ་བའི་ལྷན་ཐབས་ཆགས།
སྐབས་དེར་མཚན་མོ་ནི་ཅི་འདྲ་རིང་ཞིང་།
མཐའ་མེད་པའི་འཁོར་བ་ནི་འདི་ལྟ་བུ་ལོས་ཡིན་སྙམ་
པའི་ངེས་ཤེས་རྙེད།
འཚོ་བ་ནི་ཁེར་རྐྱང་གིས་ལོས་ཆོག་སྟེ།
དགུང་གི་སྐར་མ་སྨིན་དྲུག་ལ་མིག་ཟུང་ཅེར་བཞིན།
ཚེ་ཡི་རིམ་པ་དལ་མྱུར་གྱིས་བགྲོད་པར་བྱ།
མཚན་མོ་ནི་ཕྱི་རོལ་གྱི་གྲང་ངར་དང་འདྲེས་ནས།
ཚོར་བས་ཟིན་པའི་དུས་ཚོད་བྱེ་བྲག་གི་ངོ་བོ་དང་མཚུངས།
༼ ཁམས་འོད་གསལ། ༽