国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ།

( པར་ངོས་དང་པོར་མཐུད།) ད་ཐེངས་ཀྱི་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ལྔ་ཡི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་ཐེངས་དང་པོ་ཡིན་པ་དང་དེའི་དམིགས་ཡུལ་ནི་ལམ་ལུགས་འདི་མཐའ་འཁྱོངས་ཡག་པོ་དང་དེ་བས་འཐུས་སྒོ་ཚང་དུ་གཏོང་ཆེད་རེད།

ཚོགས་འདུར་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་རང་འགན་གཙང་སྒྲུབ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་མ་ཟད། ཕྱོགས་ཁག་གི་ལས་དོན་ལའང་གྲུབ་འབྲས་གསར་པ་ཐོབ་ཡོད།

ཚོགས་འདུར་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག། སྐབས་གསར་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རང་འགུལ་ངང་བྱས་རྗེས་ཧུར་ཐག་བཞག་པ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་རྒྱག་པ། མང་ཚོགས་ཚོགས་པ་འཛུགས་སྐྱོང་དང་བསྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པ་སོགས་ལ་ཕན་ཡོད་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད།

ཚོགས་འདུར་ནན་བཤད་བྱས་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར། ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་ལ་དམ་པོར་དམིགས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན་དང་ལས་དོན་སྒྲུབ་མཁས་པ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་འོག་མཉམ་ཤུགས་ཆགས་པར་བྱེད་པ། ཏན་ཏིག་གཙོ་བོར་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

ཚོགས་འདུར་ནན་བཤད་བྱས་དོན། ལོ་གསར་པར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་དམིགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་ངོས་ཀྱི་འགན་འཁྲིར་གཞི་ཚུགས་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རང་འགན་གཙང་སྒྲུབ་ཏན་ཏིག། དོན་གྲོས་ལས་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གཙོ་གནད་མངོན་གསལ་དོད་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་ཁག་མུ་མཐུད་ལེགས་སྒྲུབ་ཡག་པོ་བྱ་དགོས།། ( མི་དམངས་དྲ་བ་ནས་དྲངས། )