国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས2023ལོར་ཁུལ་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཚང་མས་ལས་རིགས་འཐབ་ཕྱོགས་ཁག་ཏུ་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། ལས་གནས་མི་འདྲ་བར་དཀའ་སྤྱད་ངལ་རྩོལ་བྱས་པར་བླ་ན་མེད་པའི་གུས་འདུད་ཞུས་པ། སྔོན་ཐོན་དཔེ་བཟང་བ་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་སྔོན་ཐོན་དཔེ་བཟང་རྣམ་པ་ཚོ་ནི་ཁུལ་ཡོངས་ཀྱི་ངལ་རྩོད་པ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་ཚབ་ཡིན་ལ། ཡུན་རིང་པོར་མཐོ་སྒང་དུ་གཞི་ཆགས་པ་དང་སྤྱིར་བཏང་གི་ལས་གནས་ཐོག་གཞི་ཚུགས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་ཆེད་སྤྱིར་བཏང་མིན་པའི་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“བློ་དཀར་དང་འགན་ཁུར། ལས་བརྩོན། ལེགས་སྐྱེས། མཐུན་སྒྲིལ”བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་མངོན་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩི་འཇོག་དང་བསྔགས་བརྗོད་ཐོབ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་གསུངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་མདུན་ལམ་གསལ་པོའི་འཆར་གཞི་བཟོས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོན་ཐོན་དཔེ་བཟང་མིག་དཔེར་བྱས་ཏེ་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་སྔོན་ཐོན་ལེགས་འཛུགས་དང་ཕུལ་བྱུང་བརྩོན་ལེན་བྱ་དགོས། གཅིག་ནི་སྔོན་ཐོན་དཔེ་བཟང་གི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བློ་དཀར་སེམས་དཀར་གྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱ་དགོས། གཉིས་ནི་སྔོན་ཐོན་དཔེ་བཟང་གི་འགན་འཁུར་ཡར་བརྩོན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དགོས། གསུམ་ནི་སྔོན་ཐོན་དཔེ་བཟང་གི་ལས་གཅེས་ལས་བཀུར་གྱི་ལས་རིགས་སྤྱོད་ལམ་ལ་སློབ་སྦྱོང་བྱ་དགོས། བཞི་ནི་སྔོན་ཐོན་དཔེ་བཟང་གི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་མི་ཚེའི་ལྟ་བ་དང་བསམ་ཕྱོགས་ལ་སློབ་སྦྱོང་བྱ་དགོས། ལྔ་ནི་སྔོན་ཐོན་དཔེ་བཟང་གི་མཐུན་སྒྲིལ་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་བྱ་དགོས།

ཧྲེན་དབྱང་གིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་དཔེ་བཟང་གི་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་།ང་ཚོའི་ཉེ་འགྲམ་གྱི་མི་དཀྱུས་མའི་བྱ་སྤྱོད་བཟང་པོ་ཟམ་མི་ཆད་པར་ཡག་པོ་ཤོད་པ། སྔོན་ཐོན་དཔེ་བཟང་གི་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བྱེད་པ་བཅས་བྱས་ནས་སྔོན་ཐོན་ལ་བརྩི་མཐོང་དང་སྤྱོད་ཡོན་གཉིས་ལྡན་ལ་མིག་དཔེ་ལྟ་བའི་རྣམ་པ་བཟང་པོ་ཧུར་ཐག་བསྐྲུན་དགོས། སྔོན་ཐོན་དཔེ་བཟང་ཁྲིད་སྟེགས་སུ་སྐྱོད་པ་དང་སློབ་ཁང་དུ་བསྐྱོད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྔོན་ཐོན་གྱི་བྱས་རྗེས་མྱོང་ཚོར་དང་། དཔེ་བཟང་གི་སྟོབས་ཤུགས་བསྡུ་ལེན་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་ཆེན་པོ་ཟམ་མི་ཆད་པར་གཅིག་སྡུད་བཅས་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་མགོ་ཁྲིད་ཝང་ཡུས་ཆུང་དང་། མ་ཁྲང་ཞིན། ཅིན་ཝུའུ། ཡོན་མིང་ཀོང་། ཞུས་ཅ་ཞུང་བཅས་དང་།དཀར་མཛེས་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)