ཁྱོད་ནི་ང་ཡི་སྔོན་མའི་རྨི་ལམ་གྱི།།
བག་ཆགས་ཀློང་དུ་ལྡིང་བའི་བྱེའུ་ཆུང་སྟེ།།
སྐྱེས་པའི་ཚེ་རབས་ཕྲེང་ཐག་ལ་བརྒྱུས་པ།།
རྟག་བརྟན་འགྱུར་བ་མེད་པའི་གྲོགས་པོ་ཡིན།།
ལས་ཀྱི་ཆུ་བོ་དལ་གྱིས་བཞུར་མཚམས་ཀྱི།།
ཁྱོད་ནི་གཙང་པོའི་འགྲམ་གྱི་མེ་ཏོག་སྟེ།།
བདག་གི་མི་ཚེ་དབྱར་གྱི་གཞུང་པ་ན།།
མཛེས་སྡུག་རྣམ་པར་བཀྲ་བའི་གྲོགས་པོ་ཡིན།།
བསོད་ནམས་གསེར་གྱི་ལྷུན་པོའི་རི་སྐེད་ཀྱི།།
མི་ཚོགས་ཚང་ཚིང་རྒྱས་པའི་ལུང་པ་ནས།།
འུ་གཉིས་སྣང་བ་མཐུན་པ་སྟེས་དབང་མིན།།
རྒྱུ་དང་རྐྱེན་གྱིས་རྙེད་པའི་གྲོགས་པོ་ཡིན།།
ང་ནི་ཁོག་རྒྱ་ཆུང་ལ་ནང་སེམས་དོག།
ཕྲག་དོག་རྒོད་ལ་ཉོན་མོངས་རབ་ཏུ་ཆེ།།
ཁྱོད་ཀྱི་གཤིས་ཀས་འདི་དག་རྨེག་མེད་བྱས།།
དགེ་བའི་ལམ་སྣ་འཁྲིད་པའི་གྲོགས་པོ་ཡིན།།
སྐབས་རེར་འཁོན་ཡང་བསྐྱར་དུ་མཐུན་སླ་ཞིང་།།
སྐྱིད་སྡུག་གང་ཡིན་བཤད་ན་ཆོག་སའི་མི།།
ཨ་གསར་དྲི་མ་ཡལ་བའི་སྤང་ཁུད་ནས།།
འུ་གཉིས་སྣང་འདྲིས་ཕྱེ་ལེབ་ཆ་གཅིག་ཡིན།།
ནམ་མཁའི་སྤྲིན་པ་ཐང་དུ་མ་ལྷུང་བར།།
ཆུ་ཡི་གཉེར་མ་དབྱིངས་སུ་མ་ཚེས་བར།།
མཛའ་བརྩེ་ཕྱི་ནང་གཙང་བའི་རུམ་ཁ་ནས།།
འུ་གཉིས་མི་འགྱུར་གཡུང་དྲུང་རི་མོ་ཡིན།།
སྒྱུ་འཕྲུལ་གར་གྱིས་བསྐྲུན་པའི་འཇིག་རྟེན་ནས།།
དུས་ཀྱི་མི་རྣམས་ཕལ་ཆེར་ལྦུ་བ་རེད།།
འོན་ཀྱང་ཁ་ཁོག་གཅིག་ཏུ་མཐུན་པའི་ཁྱོད།།
འཕྲད་པ་འདི་ནི་ང་ཡི་བསོད་ནམས་ཡིན།།
སྐར་འོད་ཆེམ་ཆེམ་གཡོ་བའི་མངའ་འོག་ནས།།
ཟླ་བ་ཡིབ་ལ་ཉེ་བའི་མཚན་གཞུང་ལ།།
ཁེར་རྐྱང་སུན་སྣང་འགོག་མེད་ལྡང་བའི་དུས།།
གྲོགས་ཁྱོད་སྤྲིངས་པའི་འཕྲིན་པ་འདི་ཙམ་མོ།།
༼ གངས་ཆབ་ལྷ་སྲས། ༽