国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྐང་འདྲེན་དུ་སྐྱེས་པའི་ མི་རབས།

བློ་བཟང་སུ་ཡི་ཁོག་ལས་བླངས་པའི་ཇུས། །

སློབ་གསོའི་ཤྭ་འོད་ཁུ་སིམ་གངས་ལུང་ལ། །

རྒྱུག་པའི་རླབས་ཤུགས་འགྲུལ་འཁོར་ནག་ཆུང་གིས། །

གཞན་སྐད་སྨྲ་བྱེད་མགྲིན་མདུད་ཐེབས་ཚད་བརྡུངས། །

ཕ་སྐད་རྨོངས་པ་བསྐྱོན་ནས་མདུན་སྐྱོད་བྱེད། །

མ་རྙིང་མཚར་སྡུག་ལང་ཚོའི་ལྗོན་བཟང་རྩེར། །

མ་རིག་གདུང་སེལ་ཤེས་རིག་འདབ་སྟོང་ཅན། །

གཞན་སྐད་སྨྲ་ལྕེ་གློག་ཞགས་རབ་འཁྱུག་པའི། །

བློ་གསལ་གཞོན་ནུ་མགུལ་འགགས་ནད་པ་བཞིན། །

ཕ་སྐད་ལབ་དུས་ཁ་དིག་ལྕེ་ལེབ་ཉིད། །

བོད་དུ་སྐྱེས་ཀྱང་བོད་སྐད་མི་སྨྲ་ཞིང་། །

མ་བྲིས་བོད་ཡིག་དུས་ཀྱིས་གཏིང་བརྗེད་གྱུར། །

བོད་ཡིག་དག་མོ་ཤོག་ལྷེ་གང་འབྲི་ལ། །

སྐྱེངས་ནས་ངོ་མདོག་ལམ་སང་དམར་འགྲོ་བའི། །

སློབ་ཆེན་སློབ་མ་འབྲི་ཀློག་མི་ནུས་མང་། །

མི་ཚེའི་འདུན་མ་ལྕགས་ཕོར་ལ་འཆོལ་ཞེས། །

ཕ་མའི་བཀའ་བཀོད་འཕྱུགས་སམ་སྦྲགས་མའི་སྐད། །

འཛེམ་མེད་སྨྲ་བའི་ཁོར་ཡུག་ལན་སོང་ངམ། །

དྭངས་གཙང་ཉན་སྤྲོའི་བོད་སྐད་རྣལ་མའི་གདངས། །

ལྷ་ཡུལ་འཕོས་འདྲའི་ལྗོངས་ནས་ཐོས་རེ་སྐན། །

མི་རིགས་སྲོག་ཤིང་སྐད་ཡིག་ལག་པས་སྐྱོར། །

སྐྱེ་འཆིའི་ལས་དབང་འཕེལ་རྒྱས་འགྲོ་མིན་ཐུག །

ཤ་རུས་བོད་ལྭས་བཏུམས་ཤིང་བོད་གླུ་ལེན། །

མེས་པོའི་འཚོ་བར་རྒྱབ་ཀྱིས་མ་ཕྱོགས་ཙམ། །

ཚུལ་དེས་རང་ལས་སྤྱི་ལ་ཕན་རླབས་ཆུང་། །

དེའི་ཕྱིར་དུས་རྒྱུན་སྐད་དང་ཡུལ་སྲོལ་སོགས། །

དུས་ཀྱིས་རིན་ཐང་ལྡན་པར་ངོ་སྤྲད་པའི། །

ཕ་མེས་ཤུལ་བཞག་དེང་རབས་ཤེས་བྱའི་མཚོར། །

བརྩོན་པའི་གྲུ་ལ་ལེགས་བསྡད་ལྕོགས་ན་བཟང་། །

མ་ནུས་མ་མཐར་མ་ཡིག་ནོར་བུ་ལོངས། །

གཞན་སྡེ་མགོ་དཀར་ཞིང་པ་ཚུན་ཆད་ཀྱིས། །

རང་ས་སྒོར་མོར་རང་ཚུགས་མ་ཤོར་སྒོས། །

སྐད་ཡིག་སྲོག་ལྟར་འཛིན་སྐྱོང་སྤེལ་གསུམ་ལ། །

འབད་ཀྱི་ཁོར་ཡུག་མེད་པར་ཁ་གཡར་ནས། །

ཕྲག་སྟེང་འགན་འཁྲི་ཐང་ལ་མི་གཡུག་གི། །

ཁོར་ཡུག་ཅེས་པ་རང་རང་སོ་སོས་སྐྲུན། །

ཁ་ཟས་བཞིན་དུ་མིག་ཁར་མི་སྐྱེལ་བས། །

གཟུགས་མེད་དྲ་བའི་མཁའ་ལམ་ཡངས་པོ་ནས། །

ངོ་ཤེས་ཡིན་མིན་ཀུན་ལ་གཞན་རིགས་ལྟར། །

རང་གི་བསམ་ཚུལ་ཞབས་མཆན་འགོད་ལ་རེམས། །

༼ ལུག་རྫི། ༽