国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏྲེ་ཤོད་དཀར་མཛེས་ཡུལ་གྱི་ཞིང་པ་ཚོའི་བཟའ་བཏུང་ ལོངས་སུ་སྤྱོད་པའི་གོམས་སྲོལ།

ཏྲེ་ཤོད་དཀར་མཛེས་ལུང་པའི་ཡུལ་མི་མང་ཤས་ནི་གནའ་ནས་དའི་བར་ཞིང་ལས་སོ་ནམ་ལ་ཁ་རྒྱབ་བརྟེན་པའི་ཞིང་པ་ཡིན། ཁོང་ཚོ་ལ་ཁང་པ་ལས་སྟངས་དང་། སོ་ནམ་བྱེད་སྟངས། མི་དང་མིའི་བར་གྱི་འབྲེལ་འདྲིས་བྱེད་སྟངས། བྲོ་གཞས་འཆམ་སྟངས། ཟས་ཟ་སྟངས། གོས་གྱོན་སྟངས། རྒྱན་འདོགས་སྟངས། གཏམ་བཤད་སྟངས་སོགས་ཅི་ས་གང་ཐད་ནས་ཡུལ་ལུང་རང་གི་ཁྱད་ཆོས་སུ་གྱུར་པའི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འཁྱེར་སོ་མང་པོ་ཡོད་ཅིང་། དེ་དག་ལ་ཕྱིའི་རྣམ་པ་ལ་ཕྱོགས་ཙམ་བལྟས་ན་ཅི་མི་སྙམ་པ་ལྟར་སྣང་སྲིད་ཀྱང་ཞིབ་མོར་དཔྱད་ན་ཡུལ་དུས་ཀྱི་གནས་ཚུལ་ལ་འཚམས་ཤིང་དངོས་པོའི་གནས་ལུགས་ཀྱི་ཆོས་ཉིད་དང་མཐུན་པའི་རྒྱུ་མཚན་ཡང་དག་འགྲེལ་དུ་མེད་པ་ཕལ་ཆེར་མེད། གཤམ་དུ་དུས་རབས་འདིའི་དུས་མགོར་ད་དུང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པའི་ཞིང་པ་རྣམས་ཀྱི་བཟའ་བཏུང་བྱེད་སྟངས་ཐད་ཀྱི་གོམས་སྲོལ་རགས་བསྡུས་ཤིག་ངོ་སྤྲོད་བྱེད་པ་གསུམ་ཏེ། ཟ་བའི་ཚུལ། བཟའ་བྱའི་ཟས། དེ་ལྟར་བྱེད་པའི་རྒྱུ་མཚན་བཅས་ཏེ།

དང་པོ། ཡུལ་འདིའི་ཞིང་པ་རྣམས་ཀྱི་བཟའ་བཏུང་ལོངས་སུ་སྤྱོད་པའི་ཚུལ་ལ་ངེས་པར་དུ་བསྒྲུབ་དགོས་པ་དང་ཅི་ནུས་ཀྱང་སྤང་དགོས་པའི་ལུགས་སྲོལ་མང་པོ་ཡོད། རྒྱུན་དུས་ཁྱིམ་མི་མཉམ་དུ་ཟ་མ་ཟ་སྐབས་མི་རྒན་པ་དང་ངུར་སྨྲིག་འཛིན་པ་གཙོ་བོར་བྱེད་པ་ལུས་ཙོག་པུར་གདན་ལ་དཀྱིལ་ཀྲུང་ངམ་ཁྲི་ལ་བྱམས་འདུག་བྱས་ཏེ་ཇ་གྲོས་གོར་གོར་དུ་བསྐོར་དགོས། ལོ་དང་ཡོན་ཏན་ཤིན་ཏུ་རྒན་པའི་གུས་པ་འོས་པ་དག་གི་མདུན་ན་སྡེར་ཁ་སོ་སོར་འཇོག་ཅིང་གཞན་པ་རྣམས་ལ་བདག་མོས་རང་རང་གི་ཕོར་བར་བླུགས་ནས་ལག་ཏུ་སྟེར་སྲིད། ཟས་ཟ་བཞིན་པའི་དུས་སུ་ཉལ་བ་དང་ཁེན་པ་དང་ལངས་པ་དང་འགྲོ་བ་དང་འཆག་པ་དང་འགབ་འདུག་བྱེད་པ་དང་རྐང་པ་གཉིས་ཀ་རག་དུང་ལྟར་རྐྱོང་པ་སོགས་བྱས་ནས་ཟ་བ་དང་། ཕོར་བར་རང་གཞན་གྱི་དབྱེ་བ་མི་ཕྱེ་པར་གང་མོས་སྤྱད་ནས་ཟ་བ། ཁམ་གཉིས་ལྡད་ཅེས་འགྲམ་པའི་ཕྱོགས་གཉིས་སུ་ཟས་བརྫངས་ནས་མང་པོར་ཟ་བ། ཟས་ཉུང་ཙམ་ཅལ་སྒྲ་དང་བཅས་པས་བལྡད་ནས་ཟ་བ། བཏུང་བ་ཧུབ་སྒྲ་དང་བཅས་པས་འཐུང་བ། རྔུབས་པ་ཆེན་པོ་འཁུན་སྒྲ་དང་འགྲོགས་ནས་མིད་པ། ཁ་གཡེང་མིག་གཡེང་དང་ག་ལེ་གུ་ལེ་བྱས་ནས་ཟ་ཡུན་རིང་པོ་ཐོགས་པ་དང་། ཚབ་བི་ཚུབ་བི་དང་མྱུར་བ་མྱུར་གྱིས་ཟ་ཡུན་ཧ་ཅང་མགྱོགས་པ། ཟས་ཏེ་བོར་ཚ་པོ་དང་ཧ་ཅང་འཁྱག་པོ་ཟ་བ། ཟ་ཞོར་དུ་སྐད་ཆ་མང་བ། ཟས་གཅིག་གི་ཆ་ཤས་འགའ་རེ་ཟ་ཞིང་འགའ་དོར་ཏེ་གདམ་ཀ་བྱས་ནས་ཟ་བ། ཟས་ཞིམ་པོ་དང་འཕྲད་དུས་མང་པོ་ཟ་བ་དང་མི་ཞིམ་པའི་སྐབས་ཉུང་ངུ་ཙམ་ལས་མི་ཟ་བ། གཟར་བུ་རང་བསྐོར་ཞེས་སྣོད་ཀྱི་ཟས་རང་རང་གིས་རང་རང་སོ་སོའི་ཕོར་བར་བླུགས་ནས་ཟ་བ། ལག་པས་སྣོད་ཀ་ལས་ཐད་ཀར་གཙགས་ནས་ཟ་བ། ལག་པས་རྐང་པ་སོགས་ལ་རེག་བཞིན་དུ་ཟ་བ། ཁྱིམ་མི་ཡོད་ཀྱང་དུས་མི་གཅིག་པ་དང་ས་མི་གཅིག་པ་ལ་གཅིག་པུར་བསྡད་ན་ཟ་བ། ཇ་གྲོས་སུ་མི་འདུག་པའམ་མི་གཞན་ལ་རྒྱབ་གཏད་ནས་འདུག་སྟེ་ཟ་བ་དང་། དཀོན་མཆོག་ལ་མཆོད་པ་མ་འབུལ་གོང་ནས་ཟ་བ་དང་། ཁ་ཟ་རྐུབ་ལུག་ཅེས་ཟ་བཞིན་པའི་སྒང་དང་ཟོས་མོད་དུ་གསང་སྤྱོད་དུ་འགྲོ་བ།

ཡོད་དུས་རྒྱ་ཟས་ཟ་ཟ་དང་མེད་དུས་རྒྱ་འདུག་མ་བྱེད་ཅེས་དང་ཡོད་དུས་སོག་མེད་དུས་ཟོ་ཞེས་འབོལ་འབོལ་ལྷུག་ལྷུག་གི་སྐབས་སུ་ཤ་ཟ་མར་འབྱོང་དང་སྐྱ་ཟད་སྔོ་གཏུགས་ཀྱི་དུས་སུ་བཀྲེས་སྡུག་སྐོམ་སྡུག་བསྲན་ནས་ཟ་སྲི་འཐུང་སྲི་བྱེད་པ། ལོ་ན་གཞོན་པ་ཚོས་ཕ་མ་རྒན་པ་རྣམས་ལ་མ་གསོལ་པའི་སྔོན་ལ་ཟ་བ། ཟོས་རྗེས་ལ་ཕོར་བར་ཟོས་འཕྲོ་བཞག་པ་དང་ཟོས་རྗེས་ཕོར་བ་གཙང་མར་མི་བལྡག་པ། རྒྱགས་རྗེས་ལག་ཟུང་གཉའ་ལྟག་ཏུ་བསྣོལ་ནས་གན་རྐྱལ་དུ་ཁེན་པ། འགྲངས་རྗེས་གླལ་སྒྱིང་པ། ཟོས་མ་ཐག་ཉལ་བ། ལྟོ་བ་ཤིན་ཏུ་རྒྱགས་པར་ཟ་བ། རྒྱགས་རྗེས་ལྟོ་བ་ལག་པས་ཕུར་བ། ཟོས་རྗེས་ཁ་ལྕེ་སྟོང་རྡེབ་བྱེད་པ་སོགས་ལ་ཤིན་ཏུ་འཛེམས་ཤིང་རྒན་པ་རྣམས་ཀྱིས་མི་བྱེད་ལ་བྱིས་པ་དག་ལའང་བྱེད་དུ་མི་བཅུག། ཡུལ་གཞན་ན་མང་པོ་མཉམ་དུ་ཟ་འཐུང་བྱེད་པའི་དུས་སུའང་ཚང་མས་རྒན་གཞོན་ལྟར་ཇ་གྲོས་བསྐོར་ཅིང་གལ་ཏེ་བྲོ་ཁ་རང་རང་གིས་ཁྱེར་པ་ཡིན་ན་ཟས་བཟང་ངན་མེད་པར་ཡོད་ཚད་དཀྱིལ་དུ་ལོ་རྒན་པ་ཡིད་ཆེས་བྱེད་ས་ཞིག་གི་ལག་ཏུ་སྤུངས་པ་དང་། དེས་བཟའ་བ་དང་བཏུང་བ་མཐའ་དག་མྱི་མགོ་བརྒྱ་སྐལ་ཞེས་ཟས་སྣ་ཡོད་ཚད་ཆད་ལྷག་དང་མང་ཉུང་མེད་པས་ཚང་མར་ཕྱིར་ཆ་སྙོམས་སུ་འབྲིམ་པས། སུ་ལའང་ཤ་མར་ཐུད་གསུམ་ངོམ་པའི་གླགས་དང་ཕོ་བ་ལྟོགས་བཀྲེས་ཀྱི་སྡུག་མེད་ཅིང་། ཡ་འགྲན་བྱེད་པ། ཕྱོགས་རིས་འཐེན་པ། ཆུད་ཟ་བ། མི་མཐུན་པར་འགྱུར་བ་སོགས་ཀྱི་རྐྱེན་ཡང་མེད། སུ་ཡིས་ཟུར་དུ་སྒེར་ཟ་སྒེར་འབྱོང་དང་བཟའ་ངོམ་བཏུང་ངོམ་བྱེད་པ་མཐོང་ན་སྤྱོད་པ་མ་རབས་དང་སྤྲང་པོའི་ལས་ཀ་ཞེས་འཕྱ་སྨོད་དང་མཐོང་ཆུང་བྱེད་ཅིང་རྗེས་སུ་དེ་དང་འགྲོག་མཁན་དཀོན་པར་འགྱུར་སྲིད། ཡུལ་འདིར་མི་མང་པོ་མཉམ་དུ་ཁ་ལག་ཟ་བ་དང་། བྲོ་གཞས་འཆམ་པ། གྲོས་བསྡུར་བྱེད་པ་སོགས་ཅུང་ཚུལ་དང་ལྡན་དགོས་པའི་སྐབས་གང་ལ་ཡང་མཐའ་གོར་དུ་བསྐོར་པའི་གོམས་སྲོལ་ཡོད་ཅིང་ཞིབ་པར་དཔྱད་ན་དེ་ནི་མི་ཚོའི་ཞེ་ཕུགས་ན་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཕན་ཚུན་འདྲ་མཉམ། མང་གཙོའི་བསམ་བློ་སོགས་བརྟན་དང་གཡོ་བ་ཡོངས་སུ་རྫོགས་པ་ལ་ངོས་འཛིན་གང་འདྲ་བྱེད་པའི་བསམ་བློ་རྣལ་མ་དག་མངོན་པའི་བུ་ག་ཕྲ་མོ་ཞིག་ཏུ་ཡང་གྱུར་ཡོད།

གཉིས་པ། བཟའ་བྱའི་ཟས་ལ་བཟའ་བཏུང་གི་རིགས། ཐུན་གྱི་གྲངས་དང་ཟོས་པའི་ཚད། འཕྲོད་བསྟེན་བཅས་གསུམ་ཏེ།

དང་པོ་བཟའ་བྱའི་ཟས་ཀྱི་རིགས་ལ་འབྲུ་རིགས་གྲོ་ནས་སྲན་བཏགས་ནས་བྱུང་བའི་ཕྱེ་སྟེ། གཙོ་བོ་ནས་ཀྱི་རྩམ་པ་ཡིན། ནས་རྐྱང་བརྔོས་ཏེ་བཏགས་པ་ལ་འབྲུ་དཀར་དང་རྩམ་པ་ཟེར་ཞིང་། དེར་ནས་ཆུ་དྲོན་པོས་གཤེར་ཞིང་བསྙལ་ནས་བཏགས་པ་ལ་ཆུ་གཤེར་དང་མ་བསྙལ་ནས་བཏགས་པ་ལ་རྩམ་སྐྱ་ཞེས་དབྱེ། ནས་དང་སྲན་མ་བརྔོས་ཏེ་བསྲེས་ནས་བཏགས་པ་ལ་འབྲུ་ཁྲ་དང་འབལ་སྲན་ཟེར། སྲན་མ་ཁོ་ན་བརྔོས་ཏེ་བཏགས་པ་ལ་འབལ་རྩམ་དང་འབལ་ནག་ཟེར། གྲོ་བརྔོས་ཏེ་བཏགས་པ་ལ་གྲོ་རྩམ་དང་གྲོ་དང་སྲན་མ་བརྔོས་ཏེ་སྲ་སྲེར་བཏགས་པ་ལ་གྲོ་སྲན་ཟེར། གྲོ་མ་བརྔོས་པ་རྗེན་པར་བཏགས་པ་ལ་གྲོ་ཕྱེ་དང་ནས་ངར་བཏགས་བྱས་པ་ལ་རྗེན་ཞེས་ཆེད་དུ་རྗེན་ཧུབ་ཅེས་པའི་ཐུག་པ་སྐོལ་བྱེད་དང་ཟྭ་ཧུབ་སོགས་ཀྱི་སྡོར་དུ་བྱས། ནས་རྗེན་པ་བཙོས་པ་ལ་ཆན་ཟེར་ཞིང་གཙོ་བོ་ཆན་ཧུབ་སྐོལ་བར་བྱེད།དེ་དག་ལས་ཆུ་གཤེར་རྩམ་པ་ནི་ཐོག་མར་འབྲུ་ནས་ཆུ་སིང་རྒྱག། དེ་རྗེས་ཉི་མ་ལྡེས་ནས་བསྐམས། དེ་རྗེས་ཆུ་ཁོལ་གྱིས་བཤལ་ནས་རླན་རན་པོར་ཕབ། དེ་རྗེས་དྲོད་པོར་ཞག་གཅིག་ལ་བསྙལ། དེ་རྗེས་སླ་ངར་ཡོས་སུ་བརྔོས། དེ་རྗེས་རྩྭ་སྒྱེ་སོགས་སུ་བླུགས་ནས་རྡོག་པས་བརྫིས་ཏེ་ཡོས་སྤུ་བཅད། དེ་རྗེས་ཚགས་སུ་བཙགས་ནས་ཚིག་པ་དང་སྙིགས་མ་དང་ཐལ་རྡུལ་སོགས་ཞིབ་ཕྲས་བསལ། དེ་ནས་རང་འཐག་ཏུ་བཏགས་པ་བཅས་ལས་སྣོན་གྱི་རིམ་པ་མང་ཞིང་ལག་རྩལ་གྱི་རང་བཞིན་མཐོ་བ་ཞིག་ཡིན་པས་ཆེས་བཟང་བར་བརྩི་ལ། དེ་ནས་རིམ་བཞིན་རྩམ་སྐྱ་དང་། འབལ་སྲན། འབག་ནག། གྲོ་སྲན། གྲོ་རྩམ་རྣམས་བགྲངས་མོད། འོན་ཀྱང་ད་ལྟར་གྲོ་དང་སྲན་མ་དཀོན་པས་འབལ་སྲན། འབག་ནག། གྲོ་སྲན། གྲོ་རྩམ་རྣམས་ཤིན་ཏུ་མཐོང་དཀའ་བར་གྱུར་ཟིན། གྲོ་ཕྱེ་ལ་རང་ཡུལ་གྱི་མཆིག་ཏུ་གྲོ་ལྤགས་དང་བཅས་པ་འཐག་པར་བོད་གྲོ་དང་འཕྲུལ་ཆས་སུ་གྲོ་ལྤགས་ལོགས་སུ་བཀར་ནས་འཐག་པ་ལ་གཙགས་གྲོ་ཞེས་གཉིས་སུ་དབྱེ། ཕལ་མོ་ཆེས་བོད་གྲོ་ཟ་བཞིན་ཡོད་ཅིང་མི་ཚོས་བོད་གྲོ་དང་བོད་གྲོ་ཟ་མཁན་ལ་འཚོ་བ་ཞན་པོར་ཡོད་པའི་མཐོང་ཆུང་དང་གཙགས་གྲོ་ལ་གཙིགས་ཆེ་ཏེ་པོར་དང་དེ་ཟ་མཁན་ལ་ཧ་ཅང་ཡིད་སྨོན་བྱེད་པའི་སྲོལ་ཤིན་ཏུ་ཆེན་པོ་ཡོད། རྗེས་སུ་རིམ་གྱིས་གཞན་ཡུལ་ནས་འདྲེན་པའི་གཙགས་གྲོ་ཇེ་འབེལ་དུ་གྱུར་བ་དང་རང་ཡུལ་དུ་གྲོ་རྨོ་འདེབས་བྱེད་མཁན་ཇེ་ཉུང་དུ་ཕྱིན་པས་ད་ལྟར་ཁྲོམ་ར་ན་གཙགས་གྲོ་ཤིན་ཏུ་འབེལ་ཞིང་བོད་གྲོ་ཧ་ཅང་དཀོན་པོར་གྱུར་ཅིང་གཞན་པའི་རིགས་སུ་བོད་གྲོ་ལ་བཅུད་ཆེ་བ་དང་ལུས་པོ་ལ་ཕན་ཐོགས་ཆེན་པོ་ཡོད་རབས་ཀྱི་སྐད་ཆ་གོ་བས་བོད་གྲོ་ཟོས་ནས་འབྱོར་པོར་རློམ་པ་དང་ཟས་ཁང་ཁ་ཤས་སུ་གཙགས་གྲོར་ལ་བོད་གྲོའམ་གྲོ་ལྤགས་བསྲེས་ནས་ཟས་རིམ་པ་མཐོན་པོའི་གྲས་སུ་སྒྲོག་མཁན་ཡང་ཡོད་ལ་འབྲས་དང་ཞོག་ཁོག་སོགས་ཀྱང་མེད་དུ་མི་རུང་བ་འི་ཟས་སུ་གྱུར་ཟིན། སྤྱིར་བཏང་དུས་རབས་འདིའི་འགོ་ལའང་བཟའ་རྒྱུའི་ཟས་ལ་སྔོ་ཚལ་དང་སིལ་ཏོག་སོགས་ས་ཆ་དྲོ་ས་ལྟ་བུ་ཟས་རིགས་སྣེ་ཁ་ཕུན་སུམ་ཚོགས་པ་འཛོམས་པ་མ་ཡིན་ཞིང་གྲོ་ནས་སྲན་གྱི་གྲོགས་སུ་ཤ་དང་མར་གཙོ་བོར་གྱུར་ཡང་དེའང་བ་ནོར་ར་ལུག་གི་མར་འོ་མ་ལས་གཞན་གྱི་མར་འོ་མི་བཟའ་མི་བཏུང་ཞིང་། ནོར་ལུག་བ་གླང་ཕག་བཅས་ཀྱི་ཤ་ཙམ་ལས་ནམ་མཁར་འཕུར་བའི་འདབ་ཆགས་ཀྱི་རིགས། ཆུ་ལ་གནས་པའི་ཉ་འབུའི་རིགས། ས་སྟེང་ཉུལ་བའི་འབུ་སྲིན་གྱི་རིགས། སྡེར་མོ་ཅན་གྱི་གཅན་གཟན་གྱི་རིགས། སྒོ་ཕྱུགས་རྨིག་གོར་ཅན་དང་སྤར་མོ་ཅན་གྱི་རིགས་རྣམས་ཀྱི་ཤ་ཟ་བའི་སྲོལ་མེད། དེ་ནི་རྟ་བོང་དྲེལ་གསུམ་གྱི་ཤ་ཟོས་ན་རྟ་མགྲིན་གྱི་དབང་མི་ཐོབ་པར་བརྗོད་ལ་གཞན་ཕལ་ཆེར་ཤ་ཟན་རིགས་སུ་གཏོགས་པས་ཡིན་པར་བཤད་མཁན་ཡང་ཡོད་ཅིང་། ཇི་ལྟ་རུང་སེམས་ཅན་གྱི་སྲོག་གཅོད་པ་ནི་མི་དགེ་བའི་བྱ་བ་ཆེ་ཤོས་སུ་བརྩིས་ཏེ་ཤིན་ཏུ་འཛེམས་ཤིང་འུ་མ་ཐུག་ན་བྱེད་པ་མིན། བཏུང་བའི་རིགས་ལ་རྒྱུན་དུ་ལུང་པ་སྤྱིར་དར་ཆེ་བ་ནི་ཇ་ཡིན་ཞིང་དེར་རྒྱ་ཡུལ་ནས་ ཇ་འཁོར་དྲུག་དང་སྦག་ཁག་འདྲེན་པ་ལ་སྐམ་ཇ་ཞེས་རབ་དང་རང་ཡུལ་གྱི་འོ་སྤུ་སྟེ་འོ་སེ་ཤིང་གི་ལོ་མ་ས་བུལ་ཏོག་གིས་ཕབས་རྟར་བྱས་ཏེ་བཙོས་པ་ལ་ཇ་བརྔོས་ཞེས་ཞན་པར་བརྩིས་པ་གཉིས་ལས་གཞན་འུ་ཐུག་བཀོད་ཟད་ན་སུར་དཀར་དང་མོན་སྣེ་ལྟ་བུ་སོགས་ལོ་མ་དང་མེ་ཏོག་རྣམས་ཇ་ཡི་དོད་དུ་སྤྱོད་ཆོག་པའི་རྩི་ཤིང་དང་ལྡུམ་བུའང་མི་ཉུང་བ་ཡོད། བཏུང་བའི་ཇ་ལ་ཇ་ནག་གམ་ཇ་དྭངས་སམ་ཇ་ཐང་དང་། དཀར་ཁུའམ་འོ་ཇ། བསྲུབས་མའམ་དཀྲུགས་ཇ། ཕྱེ་ཉོག་གམ་ཕྱེ་ཇ། ཚིལ་ཇ། རུས་ཇ། སྐྱོ་མ་སོགས་ཇ་ཚྭ་གཉིས་ལས་གཞན་པའི་རྫས་ཆ་མི་འདྲ་བ་ལས་བྱུང་བའི་སྣ་ཁ་དུ་མ་ཡོད། ཇ་སྐོལ་བའི་དུས་སུ་སྐམ་ཇ་མ་བཙོས་ནས་སྐམ་པོ་བཏབ་པ་དང་བཙོས་ནས་བཏབ་པ། བཙོས་པའི་ཇ་བརྔོས་བཏབ་པ་ལའང་ཐད་ཀར་བཏབ་པ་དང་ཇ་ཁུ་ཕབ་སྟེ་བླུག་པ་བཅས་ཡོད་ཅིང་། མ་བཙོས་པ་བཏབ་པའི་མིང་ལ་ཁ་བཏབ་བྱེད་ཟེར། རྒན་རྒོན་ཕལ་མོ་ཆེ་ཇ་སྐམ་པོ་མང་ཙམ་ཁ་བཏབ་བྱས་ནས་གདུས་ཏེ་འཐུང་བ་ལ་ཤིན་ཏུ་དགའ་མོད། འོན་ཀྱང་འགའ་རེས་ཁ་བཏབ་ཀྱིས་ཁྲག་ཤེད་ཆེ་བ་ལ་གནོད་ཅིང་འོ་སྤུའི་ཇ་བརྔོས་ཀྱིས་ཕན་ཟེར་སྲིད། ཇ་ཚྭ་མེད་འཐུང་དང་མ་འཐུང་མེད་ཅེས་བཏུང་ཇའི་རིགས་ལ་ཟས་རིགས་ཀུན་གྱི་རྒྱལ་པོ་ཚྭ་ནི་མེད་དུ་མི་རུང་བ་ཡིན། ཆུ་ཁོལ་རྐྱང་པ་མི་འཐུང་ཞིང་འཐུངས་བ་མཐོང་ན་ཆུ་ནག་སྟོང་འཐུང་བྱེད་འདུག་ཅེས་ཧ་ལས་སྲིད། གཞན་བཏུང་བ་ལ་ནས་ཆང་དང་ཨ་རག་ཅེས་རང་གིས་རང་ཡུལ་གྱི་རྒྱུ་ཆས་བཟོས་པའི་ཆང་གི་རིགས་ཀྱང་ཡོད་པར་མ་ཟད། སྐྱེས་པ་ཕོ་ལས་ཆང་འཐུང་བ་དང་། ཤོ་རྒྱག་པ། དུ་བ་དང་སྣ་ཐ་འཐེན་པ་འགའ་རེའང་ཡོད་མོད། འོན་ཏེ་ཁོ་རང་ཉིད་ཀྱིས་ཀྱང་བྱ་བ་ཡག་པོ་དང་སྤྱོད་པ་བཟང་པོ་མ་ཡིན་པར་བལྟས་ཤིང་། ཟ་མ་མོ་དང་བྱིས་པ་ལས་ནི་དེ་འདྲ་བྱེད་མཁན་གྱི་སྒྲའང་མི་གྲགས།

གཉིས་པ་ཟས་ནམ་ཟ་བའི་ཐུན་གྱི་གྲངས་ལ་དུད་ཚང་ཕལ་མོ་ཆེས་ཞིང་རྨོ་བ་སྟོན་ཐོག་བསྡུས་པ་སོགས་ཞིང་ལས་སོ་ནམ་གྱི་ལས་ཀ་དཀའ་ལས་ཆེན་པོ་སྒྲུབ་པ་དང་། ཁྱིམ་དུ་མགྲོན་པོ་ཡོད་པ། བཟའ་ཚང་མཉམ་དུ་སོས་དལ་བག་ཕེབས་སུ་གནས་པ་སོགས་ཀྱི་སྐབས་སུ་ནངས་སྔ་མོ་ནམ་སྲབ་བི་སྲིབ་བིར་གསལ་བའི་སྐབས་ནས་ཚ་གོང་འཐུང་བ་དང་། དེ་ནས་ཉི་མ་ཤར་ཏེ་ས་གཞི་དྲོས་དུས་དྲོས་ཇ། ཉིན་གུང་ལ་ཕྱེད་ཇ། ཉི་མ་མ་ནུབ་གོང་ལ་གུང་ཇ། མུན་རུབ་ཁར་ནུབ་ཇ་ཞེས་ཉིན་གཅིག་ལ་ཟ་ཐུན་འོར་མ་ལྔ་རེ་ལོངས་སུ་སྤྱོད་སྲོལ་ཡོད། ཁྱད་པར་དུ་ཁྱིམ་དུ་ཕ་མ་རྒན་རྒོན་ཞུགས་ཡོད་ན་ནམ་སྐྱ་རེངས་མ་ཤར་གོང་ནས་ཉལ་སར་ཚ་གོང་དྲངས་ཤིང་ཉིན་ལྟར་ཐུན་ལྔ་བོ་ཆད་དུ་བཅུག་པ་མིན། ལས་ཀ་སོགས་བྲེལ་བ་ཚབས་ཆེན་པོའི་དབང་གིས་དུས་ལྟར་ཟ་ཁོམ་མེད་པ་བྱུང་ན་ཕོ་ཁ་གནོན་བྱེད་ཅེས་འགྲོ་ཞོར་འདུག་ཞོར་དུ་ཟས་ཉུང་ངུ་ཙམ་རེ་ལས་མ་བྱུང་ཡང་དུས་ཐོག་ལ་འཁེལ་ཅི་ཐུབ་བྱས་ནས་བཟའ་སྲིད། ཟས་ཟ་སྟངས་ཀྱི་གོམས་སྲོལ་ལ་གཙིགས་སུ་འཛིན་པ་རྣམས་ཀྱིས་ནངས་སྔ་མོར་ཟ་མ་མི་ཟ་བར་བཞག་མི་སྲིད་ཅིང་ནུབ་མོར་ཁ་ཟས་སྤང་བ་མི་ཉུང་ལ་ཉལ་ཁར་ཆུ་མ་མང་འཆི་ཁར་གཏམ་མ་མང་ཞེས་མཚན་མོར་ཟས་ཟ་བ་ལྟ་ཅི་ཇ་འཐུང་བ་ལའང་ཚོད་འཛིན་བྱེད་པ་ཡིན། ཐུན་གཅིག་ཏུ་ཟ་མང་ཉུང་གི་ཚད་ལ་དུས་རྒྱུན་དུ་ཕོ་བའི་སུམ་ཆའི་གཅིག་ཟས་དང་སུམ་ཆའི་གཅིག་བཏུང་བས་གང་ཞིང་། སུམ་ཆའི་གཅིག་རླུང་གིས་ཏེ་སྟོང་པར་བཞག་པ་ལ་ཚད་རན་པོར་བརྩིས་ནས་ལག་ཏུ་བསྟར་བ་མང་ལ། ལས་ཀ་ལྗིད་པོ་དང་ཤེད་ཤུགས་ཆེན་པོ་བསྒྲིལ་དགོས་པ་ལས་པའི་སྐབས་སུ་ལྟོ་མང་པོ་ཟོས་ན་ལས་ཤུགས་ཆེ་བ་ལ་ཕན་ཞེས་རྒྱགས་ཐག་ཆོད་ཟ་བའི་སྲོལ་ཡོད། ཐུན་སོ་སོར་བཟའ་བ་ཟས་ཀྱི་རིགས་ལ་ངེས་པར་དུ་བསྲུང་དགོས་པ་མ་ཡིན་ཡང་སྤྱིར་བཏང་སྔོ་མོའི་ཚ་གོང་ལ་རྩམ་པའི་སྤགས་སྦྲུས་པའམ་ཕྱེ་མར་འཕུར་ནས་བལྡག་པ། དྲོས་ཇ་ལ་ཞོར་ཟས་རིགས་དང་། ཕྱེད་ཇ་ལ་ཞོ་སྒོང་(ཞོ་དང་བག་ཟན)སྤགས་པ་དང་གཡོས་སྦྱོར་བྱེད་པའི་ཟས་རིགས་ཟ་བ། གུང་ཇར་ཕྱེ་འཕུར་བལྡག་པ། ནུབ་ཇར་ཐུག་པའི་རིགས་བཏུང་བ་མང་ལ། གཞིས་བྱེས་གོ་རིམ་འཛོམས་པའི་རྟེན་འབྲེལ་ལ་མོག་མོག་དང་དགའ་སྐྱིད་མཉམ་འཛོམས་བྱུང་བའི་བསུ་མ་ལ་གྲོ་མ་མར་ཁུ། བྱ་བ་ལམ་འགྲོ་སོང་བའི་རྟིང་མར་བཙོ་ཤ་ཟོས་ནས་མཚོན་པར་བྱེད་སྲོལ་ཡོད།

གསུམ་པ་ཡུལ་འདིའི་མི་ཚོ་ལ་ཟས་ཟ་བའི་དགོས་པ་དང་། ཟ་བྱེད་ཀྱི་སྣོད། ཟ་སྟངས་ཀྱི་ཚུལ་སོགས་གང་ས་ཀུན་ནས་འཕྲོད་བསྟེན་ལ་དོ་སྣང་ཤིན་ཏུ་ཆེན་པོར་བྱེད་སྲོལ་ཡོད་པ་སྟེ། ཟ་འཐུང་བྱེད་པའི་དགོས་པ་གཙོ་བོ་ལུས་གསོ་ཞིང་ཚེ་སྲིང་བའི་ཆེད་དུ་བལྟས་པ་ལས་ཟས་གོས་བཟང་ངན་གྱི་ཐོག་ནས་མི་ཚེའི་དོན་སྙིང་ཡོད་མེད་དང་རིན་ཐང་ཆེ་ཆུང་ཕྱེ་དགོས་སྣང་ཤར་མཁན་ཕལ་ཆེར་མེད། ཟ་དུས་གནས་སྐབས་བྲོ་བ་ཞིམ་དང་མི་ཞིམ་ལའང་དོ་སྣང་བྱས་ཀྱང་ལྟོ་བརྟན་ཡོད་མེད་དམ་རྒྱགས་ཡུན་རིང་ཐུང་དང་ཕན་གནོད་ཆེ་ཆུང་ལ་དེ་ལས་ཀྱང་མཐོང་ཆེན་བྱེད། ཚ་ཐུན་གང་ལའང་རྩམ་པ་མར་ཕྱུ་ར་ཞོ་བག་ལེ་ཤ་ཚིལ་དཀྲུགས་ཇ་འོ་ཇ་སོགས་ལྟོ་བརྟན་པོའི་ཟས་རྣམས་སྔོ་ལྡུམ་སོགས་བྲོ་བ་ཞིམ་པོའི་ཞོར་ཟས་ལས་གལ་ཆེར་བཟུང་ལ། ཕན་ན་མི་ཞིམ་ཡང་གསོལ་ལ་གནོད་ན་ཇི་ལྟར་ཞིམ་ཡང་སྤང་པར་བྱེད། ཕན་པ་ལའང་ཚེ་འདིར་ལུས་པོ་གསོ་བ་ལ་ཕན་པ་དང་ཕྱི་མར་བདེ་སྡུག་འབྱུང་བ་ལ་ཕན་པ་གཉིས་ཀར་དགོངས་ཏེ། གལ་ཏེ་ཕྱི་མའི་བདེ་སྡུག་མྱོང་བ་ལ་གནོད་པར་དོགས་ན་ཚེ་འདིར་ཕན་པོ་དང་ཞིམ་པོ་ལ་མ་ཆགས་ཏེ་སྤང་བ་དང་ཕྱི་མའི་བདེ་སྡུག་ལ་ཕན་ན་ཞིམ་པོ་མིན་པའང་བླང་བ་ཡིན། བཟའ་མི་ཇི་ལྟར་མང་ཡང་རང་གི་ཕོར་བ་རང་གིས་སྤྱོད་ཅིང་ཕན་ཚུན་མི་སྣོལ་བ་དང་ཁྱད་པར་དུ་ཕ་མ་རྒན་རྒོན་དང་བླ་གྲྭ་ཇོ་མོ་མི་རྒན་པ་སོགས་གུས་པ་འོས་པའི་ཁྱིམ་མིའི་ཕོར་བ་ཁྱིམ་མིས་མི་སྤྱོད་ལ་གཞན་ལའང་སྤྱད་དུ་བཅུག་པ་མིན། མགྲོན་པོ་ལ་ཆེད་དུ་མགྲོན་ཕོར་ཞེས་གྲ་སྒྲིག་བྱས་ཡོད་ཅིང་མགྲོན་པོ་ཡོང་ན་ཕོར་བ་བཀྲུས་ཏེ་མེར་ལྡེས་ཤིང་སྤོས་ཀྱིས་བདུགས་ནས་ད་གཟོད་བཟའ་བཏུང་དྲང་སྲོལ་ཡོད། གཞན་གྱི་ཕོར་བ་དང་ཁེམ་གྱིས་ཟ་མ་ཟ་བ་ནི་ཤིན་ཏུ་ནས་བཙོག་པར་བརྩི་ཞིང་། དུས་ནམ་ཡང་ཟས་དང་ཚོད་མ་ཟ་མ་གང་ཡིན་རུང་སྐྱོགས་དང་གཟར་བུས་མི་སྒེར་གྱི་ཕོར་བར་བླུགས་ནས་སོ་སོར་ཟ་བ་ལས་ཚང་མས་སྡེར་མ་དང་སྣོད་ཀ་གཅིག་ལས་ཐད་ཀར་བཙགས་ནས་མི་ཟ་ལ། རང་གི་སྤྱོད་པའི་ཁེམ་བུ་དང་ཟ་ཐུར་ལག་པ་སོགས་ཀྱིས་ཐད་ཀར་སྣོད་ཀའི་ནང་གི་ཟས་ལ་ཐུག་པའམ་སྣོད་ལས་ཟ་མ་བླངས་ནས་གཞན་ལ་སྟེར་པ་སོགས་ཁ་འཕྲོ་ཕན་ཚུན་འདྲེས་དང་འདྲེས་དོགས་པར་མི་བྱེད། ཟོས་རྗེས་ཕོར་བ་གཙང་མ་ལྡག་ཅིང་ཕྱིས་ཏེ་ཆ་སྒམ་དུ་བཅུག་པའམ་ཅོག་ཙེ་སོགས་ཀྱི་ཐོག་ལ་ཁ་སྦུབས་ནས་བཞག་སྲོལ་ཡོད་ཅིང་ཕོར་ཁེམ་སོགས་སྒེར་གྱི་ཡོ་བྱད་མང་པོ་སྣོད་གཅིག་ཏུ་མཉམ་དུ་བཀྲུ་པའང་གཙང་མ་ཡིན་སྣང་ཤར་བ་མིན། ཕོར་བ་གཙང་མར་མ་བལྡག་པ་དང་ཟོས་འཕྲོ་བཞག་པ་དང་འཕོ་རྫོག་བྱེད་པ་སོགས་ནི་བསོད་ནམས་འཛད་པའི་རྒྱུ་ཞེས་འཇིགས་པ་སྐྱེ་སྲིད། སྣོད་ཀ་ནི་ཟ་མ་ཟད་མ་ཐག་ཏུ་བཀྲུ་དགོས་ཤིང་མ་ཁྲུས་ཞག་ཏུ་བཞག་ན་སྲི་ཡིས་ལྡག་ཅིང་བསོད་ནམས་ཉམས་པ་ཡིན་ཞེས་གཞག་མི་དར། གཞན་ལ་ཟ་མ་དྲང་བའམ་སྣོད་ཀ་ལས་ཟ་མ་བླུག་པའི་སྐབས་རང་ཁར་རས་ཀྱིས་དཀྲིས་པའམ་མཆུ་བསྡོམས་ཏེ་དབུགས་འབྱིན་རྔུབ་དྲག་པོ་ཡང་བཀག་ཅིང་ཕུ་བཏབ་པའམ་སྐད་ཆ་བཤད་པ་སོགས་དེ་ལས་ཀྱང་བྱེད་པ་མིན། ཟས་རིགས་བླུག་སྣོད་ཀྱི་ཕོར་བ། སྡེར་མ། རྩམ་སྒམ། པ་རུ། རྩམ་ཁུག། དུང་བོན། གལ་ཏ། ཁོག་ལྟིར་མྱེ་ཕོར། སྣོད་ཐབ་ཆས་སོགས་སྟོང་པར་རྡུང་བ་དང་ཐོག་ནས་བགོམས་པ་དང་གང་སར་གཡུགས་པ། སྤགས་སོགས་ཟས་ཟོས་འཕྲོ་དང་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་ཐོར་བུར་གཏོར་བ་སོགས་བསོད་ནམས་འཛད་པའི་རྒྱུ་ཞེས་ཤིན་ཏུ་འཛེམས་ཤིང་འབྲུ་དང་ཟས་བླུག་པའི་སྣོད་ཀ་ཁ་ཕྱེ་ནས་བཞག་ན་མི་མ་ཡིན་གྱིས་ཁྱེར་ཞེས་ཧ་ཅང་

མི་འོས་པར་བགྲངས། དེ་བཞིན་དུས་ཀྱི་ཐུན་དང་ཟས་ཀྱི་ཚད་སོགས་ལའང་སྤང་བླང་མང་པོ་ཡོད།

གསུམ་པ། དེ་ལྟར་བྱེད་པའི་རྒྱུ་མཚན། ལུགས་སྲོལ་གོམས་གཤིས་དེ་དག་ནི་དེང་སང་ཞོགས་ཟས་མི་ཟ་ཞིང་མཚན་ཟས་བག་མེད་པར་སྤྱོད་པ་དང་། བཟང་བཏུང་སྣེ་ཁ་མང་པོ་ཚད་ལས་བརྒལ་བ་བཤམས་ནས་གཞན་ངོར་ཕྱུག་རློམ་ངོམ་པ། ངོ་དགའ་སྤྲེལ་ལད་དང་ཀུ་ཅོ་འུར་དིར་བཅས་ཏེ་ཟ་བ་ལ་དགའ་བ། ཟས་ཞིམ་པོ་ཟ་བ་དང་གོས་ཡག་པོ་གྱོན་པ་ནི་མི་ཚེའི་དོན་སྙིང་དང་རིན་ཐང་ཉག་གཅིག་ཏུ་འཛིན་པ་སོགས་ཡོད་ཡོད་ཐམས་ཅད་བདག་ཏུ་བཟུང་ལ་རིག་རིག་མཐའ་དག་ཁ་རུ་བཟར་འདོད་པའི་ལུགས་སྲོལ་དུ་འཚོ་ཞིང་གོམས་ཟིན་པ་ཚོས་བལྟས་ན་ཅི་མི་འདྲ་བར་སྙམ་པར་མ་ཟད་ལ་ལས་མཐའ་ན་རྗེས་ལུས་དང་རྨོངས་དོད་དུའང་བགྲང་སྲིད་ཀྱང་། བློ་དང་ལྡན་པས་བརྟག་ན་ཀུན་ལ་ཡུལ་དུས་དང་མཐུན་པའི་རྒྱུ་མཚན་དང་གནས་ལུགས་ཡོད་པར་མ་ཟད། ཕལ་མོ་ཆེ་ནི་དེང་རབས་ཀྱི་ཚན་རིག་དང་གསོ་རིག་གི་གྲུབ་འབྲས་གསར་པས་ཀྱང་བདེན་པའི་དཔང་རྟགས་དང་བཟང་པོའི་ར་སྤྲོད་བྱེད་བཞིན་ཡོད་པ་ནི། དཔེར་ན་དེང་གི་སྨན་པ་མཁས་པ་ཚོས་ད་ལྟར་ཕོ་སྐྲན་ན་བའི་ནད་པ་ཤིན་ཏུ་མང་ལ་ན་གཞོན་ཚོ་ལས་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་ཟ་མ་ཉར་ཚགས་བྱེད་སྟངས་དང་ཟ་སྟངས་སོགས་མ་འགྲིག་པ་དང་འབྲེལ་བ་ཆེན་པོ་ཡོད་དེ། ཟ་མ་ཁམ་དུ་གང་བོ་བཅུག་ཅིང་རགས་ཙམ་བལྡད་དེ་མྱུར་དུ་མིད་པའམ་ཟས་གྱུར་མིད་རྒྱག་པ་སོགས་ཀྱིས་ཕོ་བ་ལ་ཧ་ཅང་གནོད་པ་ཆེ་ལ། ཁམ་གང་གི་ཚད་ཡང་དག་པ་ནི་ཟས་ཁམ་གང་བོའི་ཤོང་ཚད་ཀྱི་གཉིས་ཆའི་གཅིག་ལས་མི་བརྒལ་བ་དང་། རབ་ཏུ་བྱུང་ན་གསུམ་ཆའི་གཅིག་ཙམ་ལས་མི་བརྒལ་ཏེ་ཞིབ་ཏུ་བལྡད་ནས་མིད་ན་ཕོ་བའི་ནད་མི་འབྱུང་བ་ལ་ཕན་ཐོགས་ཆེ་ཞེས་གསུངས་པ་དང་། ཟ་མ་ཐུན་མང་ཞིང་ཚད་རན་པ་ཟོས་པས་ནད་རིགས་མང་པོ་ཞིག་ལ་ཕན་ཚུལ་བརྗོད་པ། ཞོགས་ཟས་མི་ཆད་ཅིང་དགུང་ཟས་ཉུང་ངུ་བྱས་ན་བདེ་ཐང་ལ་ཕན་རབས་བཤད་པ་སོགས་ལ་འདིའི་མེས་པོ་ཚོས་སྔ་ནས་ཁམ་གཉིས་ལྡད་བྱེད་པ། རྒྱགས་ལྷག་པ་དང་བཀྲེས་དྲགས་པ། ཚ་ཆེ་བ་དང་གྲང་ཐལ་བ་སོགས་ཟ་སྟངས་མ་རབས་སུ་བགྲངས་པ་ལྟ་བུ། མདོར་ན་ཡུལ་མིའི་ལུགས་སྲོལ་དུ་གྱུར་པའི་སྤང་བླང་དེ་དག་ནི་ཡུལ་དུས་ཀྱི་འཚོ་གནས་ཁོར་ཡུག་དང་ཕ་ཕྱོགས་པས་གཞར་ཡང་མཚང་མ་རྙེད་པའི་འཇིག་རྟེན་ལྟ་གྲུབ་ལ་བསྟུན་པའི་བཟའ་བྱའི་ཟས་འཕྲོ་ལྷག་མེད་ཅིང་འཕེལ་ཀ་རྒྱས་པ་དང་། ཟ་མཁན་མིའི་ལུས་བདེ་བ། ཁམས་དྭངས་པ། རིག་པ་གསལ་བ། བསམ་བློ་འཕེལ་པ། སྤྱོད་ལམ་མཛེས་པ། ཡུལ་ཁམས་ཡོངས་ལ་བསོད་ནམས་རྒྱས་པ། འགྲོ་བ་སྤྱིའི་འདི་ཕྱི་བདེ་བ། སེམས་ཅན་གཞན་ལ་འཚེ་བ་མེད་པ་སོགས་རྒྱུ་མཚན་རེ་མེད་མི་སྲིད་ཅིང་། རྒྱུ་མཚན་དང་གནས་ལུགས་ཞིབ་ཅིང་ཕྲ་བ་ད་ལྟའི་མིའི་བློར་བབས་པར་མ་བཀྲལ་བའམ་མི་མཐུན་པར་འགྲེལ་བ་ཡོད་སྲིད་ཀྱང་དོན་དུ་མི་རབས་ནས་མི་རབས་ཀྱི་ཉམས་མྱོང་བསྡོམས་པའི་གྲུབ་འབྲས་དངོས་ཡོད་དོན་ལ་གནས་པ་འབའ་ཞིག་ཡིན་སྟབས་དིང་སང་འཛམ་གླིང་ཤར་ནུབ་ཀྱི་ངེས་པར་དོན་ལ་གནས་པའི་ཚན་རིག་པ་དང་གསོ་རིག་པ་ཚོས་གནས་སྐབས་སོ་སོ་སྒེར་གྱི་མི་ཚེ་གཅིག་གི་ལུས་པོར་ཕན་པའི་བཟའ་བཏུང་བྱེད་ཚུལ་བསྒྲགས་པ་དང་བཟའ་བཏུང་བདེ་ཐང་གི་གནོད་བྱེད་དུ་འགྲོ་སྟངས་བརྗོད་པ་སོགས་དང་། ཕུགས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་གཅིག་ལ་གཅིག་གིས་བརྟེན་ནས་གནས་པའི་ཚུལ་གྱི་གནས་ལུགས་ཇི་ལྟ་བ་བསྟན་པ་དག་དང་བསྟུན་ན་ཡང་སོ་སོ་སྒེར་གྱི་ལུས་པོ་ལ་ཕན་ཞིང་མི་གནོད་པ་ཚན་རིག་དང་མཐུན་པའི་འཕྲོད་བསྟེན་གྱི་ཟས་ཟ་སྟངས་དང་ཟས་འབྲུ་གྲོན་ཆུང་བྱེད་པ་སོགས་འགྲོ་བ་སྤྱིའི་འཚོ་གནས་ལ་ཕན་པའི་ལུགས་སྲོལ་ཡ་རབས་ཀྱི་རྩེ་མོར་བགྲངས་པའི་གྲལ་དུ་ཚུད་ཅིང་མ་རབས་སུ་བརྩིས་པར་མི་ལྷུང་བ་ཤ་སྟག་ཏུ་སྣང་ངོ་།།

༼ ཟླ་བཟང་གིས་བྲིས།༽