国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྗིད་ཆགས་ཀྱི་གངས་རི་དང་ངོ་མཚར་གྱི་མཚམས་སྤྲིན་ནི་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཡོང་མཁན་ཚོས་ཆེས་དགའ་མོས་དང་ཡིད་དབང་འཕྲོག་ཤུགས་སུ་གྱུར།

གསེར་མདོག་གི་རྩྭ་ཐང་དང་སྔོ་ལྗང་གི་མཚེའུ་ལྟ་ན་སྡུག་ཅིང་།རི་བོ་རྣམས་གཅིག་ཏུ་འབྲེལ་ཞིང་རི་རྩེ་ནས་བལྟས་ཚེ་གངས་རིའི་མུ་ཁྱུད་རིང་མོ་མིག་ལམ་དུ་མངོན་ཞིང་། དཀར་མཛེས་ཁུལ་ལ་མཚོ་འཕགས་སྨི6000ཡན་གྱི་རི་བོ50ཙམ་ཡོད་པ་དང་། མཚོ་འཕགས་སྨི5000ཡན་གྱི་རི་བོ600ལྷག་ཙམ་ཡོད་ཅིང་། དཀར་མཛེས་ཁུལ་ནི་ལྷན་སྐྱེས་ཀྱིས་གྲུབ་པའི་གངས་རིའི་མཛེས་ལྗོངས་གཟིགས་སྟེགས་ཤིག་རེད་འདུག།དཀར་མཛེས་ནི་ཆ་སྙོམས་མཚོ་འཕགས་སྨི4000ལྷག་ཡོད་པའི་མཚོ་བོད་མཐོ་སྒང་གི་ཁོངས་སུ་གཏོགས་པར་མ་ཟད། མཚོ་བོད་མཐོ་སྒང་ཤར་རྒྱུད་ཀྱི་གཡང་གཟར་ཆེ་ཤོས་ཀྱི་གྲོག་རོང་ཁུལ་དུ་གནས་པ་དང་། ལྷོ་བྱང་གཉིས་སུ་ཡོད་པའི་རི་རྒྱུད་གཉིས་ཏེ། གངས་རི་ཆེན་པོ་དང་རི་བོ་ཧྲ་ལུའུ་ལི་གཉིས་ཀྱིས་དཀར་མཛེས་ཀྱི་ས་དབྱིབས་སྒྲོམ་གཞི་གྲུབ་ཡོད། མཐོ་ཞིང་གཟར་པའི་གངས་རི་ཆེན་པོ་དེ་དཀར་མཛེས་ཀྱི་ཤར་རྒྱུད་དུ་གནས་ཡོད། གངས་རི་ཆེན་པོའི་ལྷོ་ཕྱོགས་སུ་གནས་པའི་རི་བོ་གངས་དཀར་ལ་མཚོ་འཕགས་སྨི7508.9ཡོད་པས། འཕྲེད་རྒྱུག་རི་རྒྱུད་ཁྲོད་རི་བོ་ཆེས་མཐོ་ཤོས་དེ་ཡིན་ལ། སི་ཁྲོན་ཧྲིལ་པོར་མཚོན་ནའང་རི་བོ་མཐོ་ཤོས་དེ་ཡིན། རི་བོ་གངས་དཀར་གྱི་མཐའ་སྐོར་དུ་འཁྱགས་ཀླུང་རེ་རེ་ནི་དར་གོས་བཀླུབས་པ་དང་འདྲ་ཞིང་།ལ་ལ་ནི་རི་ཐོག་ནས་བབས་པའི་རྦབ་ཆུ་དང་མཚུངས།