国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བའི་འཆར་ དབྱིངས།

སྣང་ཁྱབ་སྒྱུ་མའི་ཞིང་གི་ཁང་བརྩེགས་ཀྱི་གྲོང་ན། །

མ་དག་ཉེར་ལེན་ཕུང་པོ་རང་སར་དུ་འཁྱམ་ཞིང་། །

འདིར་སྣང་གཏད་སོ་མེད་པའི་འཇིག་རྟེན་གྱི་ཆོས་ལ། །

བརྟན་མེད་འཁྲུལ་སྣང་རང་ངོས་ནམ་ཞིག་ལ་ཟིན་ནམ། །

ལྷགས་རླུང་ངར་ཁ་བཙན་པོས་ཤུགས་གླུ་དེ་ལེན་ཞིང་། །

ལྕང་མའི་ཡལ་འདབ་རེ་རེ་འགོ་ཐོག་ལ་བབས་ཀྱང་། །

ད་དུང་རྟག་བརྟན་ཞེན་པའི་འཛིན་པ་ཞིག་ཆགས་པ། །

ཞེན་བྲལ་རང་ངོས་ཟིན་པའི་བློ་སེམས་དེར་ནམ་ཞིག །

དེ་རིང་ཁྲོམ་པའི་དཀྱིལ་ནས་དགོད་སྒྲ་དེ་འཐེན་བཞིན། །

སང་ཉིན་གཏད་མེད་ཕུང་པོ་འཇའ་ཚོན་བཞིན་ཡལ་བ། །

ད་དུང་ཞེན་ཆགས་འཛིན་པའི་རང་ལུས་ཀྱི་ཚོགས་འདི། །

བཅོས་མེད་ལྟ་བའི་གནད་ལུགས་ག་དུས་ཤིག་སྐྱེས་སམ། །

རྒོད་པོ་མི་སྡོད་མཁའ་དབྱིངས་ནམ་འཕང་ལ་བསྐྱོད་འགྲོ །

ཁབ་སྐུད་ཞེན་ཆགས་ཙམ་ཡང་འཛིན་པ་དེ་གྲོལ་ནས། །

དེ་རྗེས་རྐང་ལམ་སྙེགས་པའི་གསར་སྐྱེས་ཀྱི་བུ་ལ། །

བདེ་མོའི་ཐང་ཞིག་འབྱོར་བའི་རེ་འདུན་དེ་ནམ་ཞིག །

ཟབ་ཆོས་མན་ངག་ཆོས་ཚུལ་རང་རྒྱུད་ལ་འཐོབ་ཀྱང་། །

རྣ་བ་གོ་ཐོས་གྲངས་མེད་ཉིན་རེ་བཞིན་ཐོས་ཡོད། །

ད་དུང་སྣང་ཚུལ་སྟོང་པའི་རང་བཞིན་དེར་མ་གོམས། །

ཡང་ཡང་འཁོར་བའི་སྒྲིབ་པ་ནམ་ཞིག་ལ་དག་གམ། །

རང་ལུས་གློ་བུར་མི་རྟག་བཙན་ཁ་རུ་ཟིན་ན། །

མང་ཐོས་ཤེས་རབ་སྟོབས་ཀྱི་རེ་ལྟོས་དེ་འཆང་ཞིང་། །

ལས་སྨོན་བསོད་ནམས་ཤིག་གིས་འཚོ་ཐབས་ཤིག་བྱུང་ན། །

འགྱོད་མེད་བག་ཆགས་ཟབ་མོ་འབད་པ་དེར་བསྐྱང་ངེས། །

བསླུ་མེད་སྐྱབས་གནས་རྣམ་གསུམ་རེ་ལྟོས་དེ་བཅངས་ཤིང་། །

ཡང་སྒོས་དྲིན་ཆེན་བླ་མ་གསོལ་བ་རེ་འདེབས་བཞིན། །

དམ་ཚིག་རྡོ་རྗེའི་མདུད་པ་ལྷོད་མེད་དེར་བརྒྱབ་ནས། །

རེ་སྨོན་འབྲས་བཟང་སྐྱེ་བ་ཐེ་ཚོམ་ནི་ཅི་ཞིག །

༼ འབྲི་ཁེར་འགྲོ། ༽