སྤྱི་ཟླ་དང་པོའི་ཚེས24ནས25ཉིན་བར། ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་སེང་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་ལ་མུ་མཐུད་དེ་གྲོས་ཞིབ་བྱས་ནས་འཆར་གཞིའི་སྙན་སེང་དང་སྔོན་རྩིས་སྙན་སེང་ལ་ཞིབ་བཤེར་བྱས་པ་རེད། འཐུས་མི་ཚོས་རང་ངོས་ཀྱི་ལས་དོན་དང་ཟུང་དུ་སྦྲེལ་ཏེ་ཞིང་ཆེན་ཏང་ཨུས“ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་དང་། དཀར་མཛེས་ཁུལ་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོའི་བྱ་གཞག་ཁག་ལ་དམ་པོར་དམིགས་ནས་ཐབས་ཇུས་བཟང་པོ་འདོན་པ་དང་། འཕེལ་རྒྱས་ཀྱི་སྐད་ཆ་བཤད་པ། གྲོས་འགོ་བཏོན་ནས་ཚོགས་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་པོ་ཡིན་པ་རེད།
འཐུས་མི་ཧྲུའུ་ཏ་ཁྲུན་གྱིས་སྲིད་གཞུང་གི་ལས་དོན་སྙན་སེང་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་། འཆར་གཞི་དང་སྔོན་རྩིས་སྙན་སེང་བཅས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དངོས་ཐོག་བདེན་འཚོལ་དང་། ནང་དོན་ཕུན་སུམ་ཚོགས་པ། མིག་ཕུགས་རིང་བ། འབད་འབུངས་ཡར་སྐུལ་བཅས་ཡིན་པས་བློར་ཧ་ཅང་བབ་བྱུང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཚོགས་ཆེན་དུ་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ལག་ལེན་བསྟར་བར་བསྐུལ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག། སླད་ཕྱིན་གྱི་ལས་དོན་ནང་གཅིག་ནི་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་དགོས་པ་དང་། གཉིས་ནི་གཡག་རྔ་དང་དཀར་མཛེས་ཁུལ་མཉམ་དུ་སྐུལ་བར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་ལས་གཞི་གལ་ཆེན་གྱི་དཔལ་འབྱོར་ཁུལ་གཏོད་དགོས། གསུམ་ནི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་ས་ཁོངས་ཀྱི་སྤུས་རྟགས་གཏོད་རྒྱུར་རྒྱབ་སྐྱོར་བྱ་དགོས། བཞི་ནི“འདེབས་འཛུགས་ལས་རིགས་ཞིབ་འཇུག”གི་ལས་དོན་ལ་ཤུགས་རྒྱག་ཅིང་དཀར་མཛེས་ཁུལ་གྱིས“གཙང་གསུམ་རྒྱུད་དྲུག”གི་ཁྱད་ཆོས་ཞིང་འབྲོག་ཐོན་ལས་འདུས་འཛོམས་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུར་རྒྱབ་སྐྱོར་བྱ་དགོས། ལྔ་ནི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ས་ཁུལ་བརྒལ་བའི་མི་དམངས་འཐུས་ཚོགས་ཀྱིས་མཉམ་སྐུལ་འགན་འཁྲི་སྒྲུབ་པའི་རྩ་འཛུགས་དང་མཛུབ་ཁྲིད་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཆ་འཕྲིན་ཅན་དུ་འཛུགས་པར་གཅིག་གྱུར་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་དགོས། དྲུག་ནི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མི་རིགས་ས་ཁུལ་གྱི་གཞི་རིམ་ཁྲིམས་ཁང་གི་ཤེས་ལྡན་མི་སྣ་འདེམས་སྤྱོད་དང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་སློབ་གཉེར་རིམ་པ་སྤར་བའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནང་རོགས། བདུན་ནི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་གཏང་རྒྱུའི་གྲོས་འགོ་བཏོན་པ་རེད།
འཐུས་མི་ཝང་ཐེན་ཕུའུ་ཡིས་སླད་ཕྱིན་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏང་རྒྱུའི་གྲོས་འགོ་བཏོན་པ་དང་། འཐུས་མི་ཝང་ཁྲེང་ཞན་གྱིས་དཀར་མཛེས་ཁུལ་གྱིས་ལོ15ཡི་འོས་འགན་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་མུ་མཐུད་དེ་སྤེལ་བ་དང་ལྷག་པར་དུ་སྤྱི་སྐད་ཡག་པོ་སྦྱོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བཤད། འཐུས་མི་ཅིན་ཝུའུ་ཡིས་གཅིག་ནི་ཞིང་ཆེན་ནོར་སྲིད་ཐིང་དང་རང་བྱུང་ཐོན་ཁུངས་ཐིང་། སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས་ནོར་སྲིད་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ལ“གངས་དཀར་རི་ཆུའི་ལས་གྲྭ”དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་རི་ཆུ་ནགས་ཞིང་མཚོ་དང་མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭའི་ལས་གཞིར་བཅུག་ནས་སྔ་ཙམ་ལག་བསྟར་བྱ་དགོས། གཉིས་ནི་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ཆེན་ནང་ཁུལ་གྱི་རིམ་ཁག་རིགས་གཅིག་མཁས་ཅན་དང་མཐུན་སྦྱོར་བྱས་ཏེ“གངས་དཀར་རི་བོའི་རི་ཆུའི་ལས་གྲྭ”ལག་བསྟར་ཇུས་གཞི་བཟོ་འགོད་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས་པའི་འབོད་སྐུལ་གནང་། འཐུས་མི་ལིའུ་ཧུང་གིས“ཞིང་ནགས་འབྲོག་ཁུལ་གཙོ་བོའི་བདག་མེད་རི་སྐྱེས་སྲོག་ཆགས་ཀྱིས་གནོད་སྐྱོན་བཟོས་པར་ཁ་གསབ་བྱེད་པའི”ཆེད་དོན་ཐེབས་རྩ་དང་བདག་མེད་རི་སྐྱེས་སྲོག་ཆགས་ཀྱིས་གནོད་སྐྱོན་བཟོས་པར་ཁ་གསབ་ཉེན་སྐྱོབ་ལམ་སྲོལ་གཅིག་གྱུར་ཐོག་བཙུགས་ནས“མང་ཚོགས་རང་མོས་ངང་ཉེན་སྐྱོབ་ཏུ་ཞུགས་པ་དང་སྲིད་གཞུང་གིས་ཁ་གསབ་བྱེད་པའི”བྱེད་སྟངས་ཐོག་ནས་བདག་མེད་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་ལ་ཁ་གསབ་བྱས་ཏེ་བདག་མེད་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་དང་སྲུང་སྐྱོང་གི་འགལ་བ་ཐག་གཅོད་གང་ལེགས་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།
གྲོས་ཞིབ་བྱེད་རིང་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་མགྲིན་གཅིག་ཏུ་སྙན་སེང་ཁག་ལ་མོས་མཐུན་བྱས། ཚང་མས་ངོས་འཛིན་བྱས་དོན། སྲིད་གཞུང་གི་ལས་དོན་སྙན་སེང་དང་། འཆར་གཞིའི་སྙན་སེང་། སྔོན་རྩིས་སྙན་སེང་བཅས་ནི་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ནང་དོན་ཞིབ་ཕྲ་དང་གཙོ་གནད་འབུར་ཐོན་ཡིན་པ་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་ཚང་མ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་ཞིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཡོང་བའི་སྟོན་ཕྱོགས་གསལ་པོ་མཚོན་པ་དང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའང་མཚོན་ཡོད།། ( ལྷ་འཛོམས་ཀྱིས་བསྒྱུར།)