国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉག་ཆུ་རྫོང་གིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས།

ཉེ་ཆར། ཉག་ཆུ་རྫོང་དུ་ཡུའེ་ཁྲི་རྫོང་ནས་ཡོང་བའི་ཞོར་ལས་མཁན་ལའོ་ཚའོ་ཡིས་ཆད་འགྱངས་གླ་ཆ་རག་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། དཀའ་གནད་འདི་ཐག་གིས་མ་བཅད་ན་ལོ་གཅིག་རིང་དཀའ་ལས་བརྒྱབ་པ་དོན་མེད་རེད”ཅེས་བཤད།

ཉག་ཆུ་རྫོང་གིས“དགོངས་པ་སློབ་སྦྱོང་བྱེད། ཏང་གཤིས་ནན་པོར་སྐྱོང་། ལག་ལེན་གཙིགས་སུ་འཛིན། བྱས་རྗེས་གསར་པ་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས“བྱ་བ་དངོས་སྒྲུབ་དང་དམངས་ཀྱི་དཀའ་གནད་སེལ་བ”དེ་འགོ་འཛུགས་སར་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས། ན་ནིང་ནས་བཟུང་ཉག་ཆུ་རྫོང་གིས་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཁྱོན1479ཐག་བཅད་ནས་ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི2800ཕྱིར་བདས་ཏེ་མང་ཚོགས་ཀྱི“གླ་ཆའི་དཀའ་གནད”རྩ་བ་ནས་ཐག་བཅད་པ་རེད།

ཉག་ཆུ་རྫོང་གིས་ད་དུང་རང་འགུལ་ངང་ཞབས་ཞུ་འགན་ལེན་གནས་འབྱོར་ཡོང་བའི་ཐོག་ནས་གནད་དོན་ཐག་གཅོད་པར་སྐུལ་བ་རྒྱུན་བསྐྱངས་ཤིང་། གཙོ་གནད་གྱོད་གཞིར་དམིགས་ཏེ་ལས་ཀའི་ཆེད་ལས་འཛིན་གྲྭས་འབྲེལ་ཡོད་ལས་གྲྭར་བཅར་འདྲི་བྱས་ནས་དོ་བདག་ཕྱོགས་ཀྱིས་རང་མོས་ངང་གྲོས་མོལ་ཐག་གཅོད་པའི་བསམ་འདུན་གཞིར་བཟུང་ནས་ངལ་ལས་སྤྱི་གཉེར་ཁང་དང་ཁག་བགོས་འགན་གཙང་ལེན་མཁན། ཞིང་པ་ལས་མི་བཅས་བསྡུས་ཏེ་གྲོས་མོལ་འདུམ་འགྲིག་དང་ཆབས་ཅིག་ཞིང་པ་ལས་མིར་དུས་ཐོག་ཏུ་ལས་ཡུན་དང་གླ་ཆ། གླ་ཆ་སྤྲོད་སྟངས་བཅས་ཞིབ་དཔྱད་བྱ་རྒྱུའི་མཛུབ་ཁྲིད་བྱས།

ན་ནིང་ནས་བཟུང་ཉག་ཆུ་རྫོང་གིས་ཁ་པར་དང་ངོ་བཅར་སོགས་ཀྱི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཁག1153དང་ལེན་བྱས་ནས་ངལ་རྩོལ་པ3130ལ་ངལ་རྩོལ་གླ་ཆ་སྒོར་ཁྲི2539བདས་རོགས་བྱས་པ་དང་། “རྒྱལ་ཡོངས་གླ་ཆ་འགྱངས་ཆད་ཀྱི་ཁུངས་སྣེ་ཞིབ་དཔྱད་ལས་སྟེགས”ཀྱི་གྱོད་གཞི་ཁག301དུས་ཐོག་ཏུ་ཐག་བཅད་དེ་ངལ་རྩོལ་པ326ལ་ངལ་རྩོལ་གླ་ཆ་སྒོར་ཁྲི262.69བདས་རོགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་རེད།

འདབ་པ་རྫོང་གིས་དཔང་གཅོད་ཞབས་ཞུ་སྒོ་ཁར་བསྒྲུབས།

ཉེ་ཆར། འདབ་པ་རྫོང་འགོ་ཡག་ཐང་ཡུལ་ཤོག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་སྒྲིག་འཛུགས་བྱས་པའི་དང་བླངས་པ་དུད་ཚང་དུ་སོང་ནས་རྒན་གསོ་དཔང་གཅོད་བྱེད་སྒོ་སྤེལ། ཞབས་ཞུར་བརྟེན་ནས་དམངས་སེམས་འགུགས་པ་དང་དྲོད་ཁོལ་བྱིན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་ཚོས་ཁོངས་གཏོགས་ཀྱི་རྒན་རྒོན་ཚོར་རིག་ནུས་ལག་ཐོགས་ཁ་པར་ནས་དྲྭ་ཐོག་ཏུ་དཔང་གཅོད་བྱས་ཏེ་ཁོ་ཚོར་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་དཔང་གཅོད་ཐུབ་པར་རོགས་རམ་བྱས་ནས་རྒན་གསོའི་དངུལ་རྒྱུན་གཏན་བཞིན་འཕྲོད་ཐུབ་པར་འགན་ལེན་བྱས་པ་རེད། དུད་ཚང་དུ་རྒན་གསོའི་དཔང་གཅོད་ཞབས་ཞུ་སྤེལ་བའི་ཁྲོད་དུ་ལས་དོན་མི་སྣས་ད་དུང་རྒན་རྒོན་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་། ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་སྒོ་ནས་སྤྱི་ཚོགས་འགན་སྲུང་གི་དམངས་ཕན་སྲིད་ཇུས་དང་ཞབས་ཞུ་ཁག་སྒྲོག་འགྲེལ་བྱས་པར་མ་ཟད། ལག་ཐོགས་ཁ་པར་ནས་རྒན་གསོའི་དངུལ་གསལ་པོ་སྤྲོད་པ་སོགས་ཀྱི་རྒྱུན་སྤྱོད་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་འགྲེམས་སྟོན་བྱས་ཡོད།།

( ལེ་ཚན་འདི་རྟ་མགྲིན་གྱིས་བསྒྱུར།)