国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་གིས་དགུན་ཁའི་གུང་གསེང་ནང་སློབ་མ་ཚོར་གཟུགས་མེད་རིག་གནས་ཤུལ་བཞག་བསླབས་ཏེ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་དུ་བཅུག།

སློབ་མ་ཚོས་གསོ་སྦྱོང་འཛིན་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་ཚུལ།

ཉེ་ཆར་ལི་ཐང་རྫོང་ཆ་ཚང་སློབ་ཆུང་གསུམ་པའི་སློབ་མ་བསྟན་འཛིན་འབྲུག་གྲགས་ཀྱིས་རྫོང་དེའི་དཔེ་མཛོད་ཁང་དུ་བོད་ཡིག་ཡིག་གཟུགས་སློབ་སྦྱོང་ནན་ཏན་བྱས། ཁོ་དང་འདྲ་བར་ལོ7ནས15བར་གྱི་སློབ་མ35རྫོང་དེའི་དགུན་ཁའི་གུང་གསེང་རིང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད།

སློབ་མ་ཚོའི་གུང་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ལི་ཐང་རྫོང་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱིས་དགུན་ཁའི་གུང་གསེང་རིང་ཡིག་གཟུགས་དང་། ཐང་ག། མེ་ཏོག་མཆོད་པ་སོགས་སློབ་རིན་མི་དགོས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་རྫོང་དེའི་ཡིག་གཟུགས་མཐུན་ཚོགས་དང་། ཐང་གའི་མཐུན་ཚོགས། མེ་ཏོག་མཆོད་པ་མཐུན་ཚོགས་ཀྱི་དགེ་རྒན་གདན་དྲངས་ཏེ་སློབ་མ་ཚོར་སློབ་ཁྲིད་བྱས་པ་རེད། མི་རིགས་ཀྱི་ཡིག་གཟུགས་དང་།ཐང་ག། མེ་ཏོག་མཆོད་པ་བཅས་ནི་ཀྲུང་ཧྭའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བང་མཛོད་ནང་གི་མུ་ཏིག་ལྟ་བུ་ཡིན་པ་དང་། རྫོང་དེས་གུང་གསེང་རིང་གི་དགའ་སྣང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ནི་བོད་ཡིག་ཡིག་གཟུགས་ཀྱི་རྨང་གཞི་དང་། ཐང་གའི་རྨང་གཞིའི་ཐིག་རིས་དང་། ཚོན་སྦྱོར། ཚོན་བྱུགས་བྱེད་ཐབས།ཐང་གའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བཅས་ཚུད་ཡོད།

སློབ་ཁྲིད་བརྒྱུད་རིམ་ནང་གསོ་སྦྱོང་དགེ་རྒན་གྱིས་ཕྲུ་གུ་ཚོར་བརྩམས་ཆོས་ཕུལ་བྱུང་བལྟ་རྒྱུའི་ཁྲིད་སྟོན་བྱས་ཏེ་འདྲ་བཤུས་དང་གསར་རྩོམ་ནས་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་སྤེལ་བ་དང་ཆབས་ཅིག་དགོད་བྲོ་བའི་ཡིག་གཟུགས་ཀྱི་གཏམ་རྒྱུད་དང་སྟབས་བདེའི་ཡིག་གཟུགས་ཀྱི་རྒྱུན་ཤེས་སློབ་ཁྲིད་བྱས་ཏེ་ཕྲུ་གུ་ཚོའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བས་ཡིག་གཟུགས་ཡང་དག་དང་།ཚད་ལྡན།མཛེས་པ་བཅས་ཀྱི་སྒོ་ནས་སླད་ཕྱིན་སློབ་སྦྱོང་བྱ་ཆེད་ཡིག་གཟུགས་ཀྱི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།

ལི་ཐང་རྫོང་དཔེ་མཛོད་ཁང་གི་འགོ་འཛིན་བསྟན་པ་དར་རྒྱས་ཀྱིས་སྤྲོ་སྣང་འཛིན་གྲྭ་སྣ་ཚོགས་ནང་ཞུགས་པར་བརྒྱུད་ཕྲུ་གུ་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་དང་། སྤྲོ་སྣང་དང་དགའ་ཕྱོགས། རང་ངོས་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་གསོ་སྐྱོང་། ཤེས་རྒྱ་ཆེ་རུ་ཕྱིན་པ་དང་། གུང་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ། གྲོགས་པོ་གསར་པ་ངོ་ཤེས་པ། མཉམ་འགུལ་སློབ་སྦྱོང་ཁྲོད་ཚོགས་པའི་མཉམ་ལས་སྙིང་སྟོབས་སྐྱེད་སྲིང་བཅས་བྱེད་ཐུབ་ཅེས་བཤད་པ་རེད།། ( ཀུན་དགས་བསྒྱུར།)