国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཆར་རྟོག།

མུ་མཐའ་བྲལ་བའི་རྩྭ་ཐང་ཡངས་མོ་ནས།།

ངས་ནི་ལུག་ཁྱུ་འཚོས་ཤིང་ནོར་ཁྱུ་དེད།།

ལོང་བས་ལོང་བ་ཁྲིད་པས་མགོ་བོ་འཁོར།།

བྱིས་པས་བྱིས་པ་གཉོར་བས་སྐྱེད་ཀྱང་ཆུང་།།

ང་ནི་བགྲང་འཕྲེང་འཛིན་པའི་རིགས་ལམ་པ།།

ཐལ་སྐད་ཐལ་འགྱུར་འགོད་པའི་རྟོག་གེ་བ།།

ཀླད་དོན་གཞུང་དོན་དེད་པས་ཀླད་པ་ན།།

མཆོད་བརྗོད་བཤད་དམ་བཤད་པས་གླལ་ཡང་བྲོ།།

ང་ནི་པད་གདན་ཙོག་པའི་དམ་བཅའ་བ།།

རྒོལ་བར་སུན་འབྱིན་རྗོད་པའི་མཚན་ཉིད་པ།།

མཚན་མཚོན་གཞི་གསུམ་བསྐྱོར་བས་ཁ་མཆུ་གཟེར།།

དགག་སྒྲུབ་སྙིང་པོར་བསྒུགས་པས་དཔྱི་ཡང་ན།།

ཀྱེ་མ་ངས་ནི་འཆད་ར་གྲུ་བཞིའི་དཀྱིལ།།

དགོས་པ་ཡོད་ཡོད་འདྲ་བའི་ཚིག་འཁྲི་དང་།།

སྙིང་པོ་མེད་མེད་འདྲ་བའི་རྟགས་གསལ་ལ།།

སྐོར་བ་ཡང་ཡང་རྒྱག་བཞིན་ལོ་ཟླ་འདས།།

མཆོད་ཁྲིར་བཞེངས་པའི་གཙོ་ལྷ་གསུམ་ལ་ཅེར།།

སྐབས་རེར་འཛུམ་ཞིང་ལན་རེར་དགོད་ཉམས་སྟོན།།

ཞི་རྒྱས་དབང་དྲག་གསུང་ནི་མི་འབྱིན་པར།།

སོ་མེད་རག་གིས་བརྡུངས་བའི་ཕྱག་མཚན་གདེངས།།

ཨ་རུའི་ལྗོན་རྩར་ཉོན་མོངས་ནད་ཀྱིས་ཟིན།།

བཟའ་བཏུང་འཇིངས་སུ་བཀྲེས་སྐོམ་སྡུག་བསྔལ་མྱོང་།།

ཡེ་ཤེས་བྱབས་ཁྲུས་མཛོད་དང་ཡུམ་ཆེན་མ།།

ཤེས་བྱའི་སྦྲང་རྩི་གནོངས་དང་བྱམས་ཆེན་མ།།

གཞུང་བརྒྱའི་དཀའ་གནད་འཆད་པའི་འཐབ་ར་ན།།

བདག་གི་སྨྲ་ལྕེ་ལྐུགས་ཤིང་ལག་ཟུང་ལྡུམ།།

མ་རྟོགས་སྒྲོ་འདོགས་ཆོད་དང་སྨྲ་བའི་སེང་།།

མི་ཤེས་མུན་པ་སོལ་དང་རིག་པའི་ལྷ།།

སྲོད་ཞོགས་གནད་ཚིག་ཟློས་ཀྱང་ཞེར་མ་འཇགས།།

སྔས་འགྲམ་དཔེ་མང་སྤུངས་ཀྱང་ཡིག་ཚོགས་ཙམ།།

མི་བརྗེད་གཟུངས་ཤིག་སྩོལ་དང་མཉམ་མེད་པ།།

པོ་ཏིའི་ཞལ་ཁ་ཕྱེས་དང་སྨན་རི་བ།།

༼ གཞི་ཚང་ཟླ་བ་གྲགས་པ། ༽