国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུབ་ཁུལ་དང་། བསང་ཆུའི་བྱང་ངོགས་སུ་ཆགས་ཡོད། སྤྱི་ལོ1709ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོས་ཡུལ་ལྗོངས་མཛེས་པའི་ས་དེར་དགོན་པ་ཕྱག་བཏབ་གནང་ཞིང་། ལོ་ངོ280ལྷག་གི་རིང་བཟོ་སྐྲུན་དང་རྒྱ་བསྐྱེད་རྒྱུན་ཆད་མེད་པ་བྱུང་ནས་གྲྭ་ཚང་ཆེན་པོ་དྲུག་དང་། ལྷ་ཁང་དང་གནས་ཆེན་བཞི་བཅུ་ཞེ་བརྒྱད། གྲྭ་ཤག་ལྔ་བརྒྱ་ལྷག་ཡོད་པའི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཨ་མདོ་ཁུལ་དུ་དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ་ཞེས་པའི་མཚན་སྙན་གྱི་གྲགས་པ་འབར་ལ། དབུས་གཙང་གི་འབྲས་སྤུངས་དང་། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོ་དང་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་བཅས་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེན་པོ་དག་གི་ཁོངས་སུ་གཏོགས་ཤིང་། དགོན་པའི་ནང་དུ་ཨེ་ཤ་ཡའི་རྒྱན་གཅིག་སྟེ་གུང་ཐང་མཆོད་རྟེན་བཞུགས་ཡོད།།