གངས་དཀར་པོ་ཞིག་གི་འདབས་རོལ་ནས་སྐྱེས་ཤིང་།
ཆུ་དྭངས་མོ་ཞིག་གི་འགྲམ་ངོགས་ནས་འཚར་བས།།
སེམས་བསམ་པ་འདི་ལ་བྱི་དོར་ཅང་མི་དགོས།།
ལྷད་མེད་པའི་རང་མདངས་རང་ཆས་སུ་ཡོད་དོ།།
དྲིན་མ་ལོའི་ཡིག་དྲུག་དབྱངས་རྟ་ལ་ཉན་ཞིང་།
གོང་ཕ་ལོའི་ལྷག་བསམ་རྣམ་དག་དེ་མཐོང་བས།།
ལས་དཀར་པོའི་ཕྱོགས་ལ་གཞན་སྐུལ་ཅང་མི་དགོས།།
བྱམས་སྙིང་རྗེ་ངེད་གཉིས་མཉམ་སྐྱེས་རང་ཡིན་ནོ།།
ཁོང་ཨ་མེས་གནའ་གཏམ་རིང་མོ་ཡིས་བསྐྱངས་ཤིང་།།
དྲིན་ཨ་ཡེ་བརྒྱུད་པའི་དངོས་བྱུང་དེ་ཐོས་པས།།
གོ་མ་མྱོང་བསླབ་བྱ་ཡ་མཚན་ཅང་མི་དགོས།།
ཚེ་ཡུན་ཐུང་ཞིག་གི་སྐྱིད་སྡུག་དེ་རྟོགས་ཡོད།།
ནང་ན་ཟླའི་དཔུང་རྡང་ལྕགས་རི་བཞིན་བསྒྲིགས་ཏེ།།
ལས་གང་བརྩམ་སྡོངས་གྲོགས་དབྱེར་མེད་དུ་ཡོད་པས།།
འགྱེལ་སོང་རུང་ཁེན་ས་གཞན་པ་ཅང་མི་དགོས།།
ཤ་རུས་པ་གཅིག་པའི་དཔུང་སྟོབས་འདིའི་ཆོག་གོ།།
གནས་ལྔ་ཟུང་རིག་པའི་གཏེར་མཛོད་ཀྱིས་ཕྱུག་ཅིང་།།
མགོན་སློབ་དཔོན་དམ་པའི་མཁྱེན་པ་དེ་བརྗིད་པས།།
ཁ་མེད་མུག་འདོན་བཞིན་ཡིད་ཆད་ཅང་མི་དགོས།།
ངོ་འཛུམ་ཆུང་གྱི་ལེར་རྒྱལ་ཁམས་ལ་བལྟ་ཆོག།
མི་སྣ་ཚོགས་འདུ་སའི་བཞི་མདོ་ནས་རྙེད་པའི།།
གཏམ་ཡན་པོ་དེ་ཉིད་ཚད་མ་རུ་བཟུང་ནས།།
མཐའ་ཡོངས་སུ་ཁེབས་པའི་སྡོམ་ཚིག་ཅང་མི་དགོས།།
སྔོན་སྐྱེས་ཆེན་དམ་པའི་ལམ་སྟོན་གྱིས་ཆོག་གོ།།
༼ ཡུལ་ལྷ་རིན་ཆེན་འབུམ། ༽
