国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ཡི་སྙན་ངག་པ།

ནང་སེམས་མཚོན་ཐབས་བྱེད་པའི་ཐ་སྙད་ཀྱི།།

གཙང་པོ་ཡང་ཡང་ང་ཡིས་འཐུང་བའི་མཐར།།

ཡངས་པའི་ནམ་མཁའ་འདི་ཡི་འོག་རོལ་ནས།།

མགྲོན་ཁྱོད་ཉིན་སྲིབས་གང་དུ་ཡོད་མེད་ཤེས།།

དུས་འདི་གནམ་ཟླ་འབྲས་ལྡན་ཚིགས་ལ་སླེབ།།

ལྗང་མདོག་ཡལ་ཞིང་འཛིན་མ་རྒུད་པའི་དུས།།

མགྲིན་སྙན་ཡང་ནི་རྒྱང་རིང་མོན་ཕྱོགས་ཆས།།

གནམ་མཐའི་སྐར་མ་དག་ཀྱང་འདར་ལ་རན།།

རྒྱང་ནས་ཁྱོད་ཀྱི་འཇིག་རྟེན་འཁྱག་ཚུལ་གྱི།།

ཡི་གེའི་རྡུལ་ཚོགས་ཡོངས་སུ་རུག་མཐོང་ན།།

བདག་ནི་ཆུ་འཛིན་དཀར་པོ་ཞིག་རྫུས་ནས།།

སྣ་ཚོགས་ཀུ་རེས་ཞེ་མཁའ་གསོ་བར་མོས།།

མྱུར་མགྱོགས་འཕྲུལ་གྱི་སོར་མོ་ལས་བྱུང་བའི།།

དབྱངས་ཀྱི་གཙང་པོའི་གཞུང་ལ་བཏབ་པའི་ཚིག།

རེ་རེས་ཀྱང་ནི་སེམས་ཀྱི་ནམ་མཁའ་ཡི།།

སྤྲིན་པའི་ཁ་དོག་ཡོངས་སུ་མཐོང་བར་འདུག།

ས་སྲོད་མཚོན་པའི་ཐ་སྙད་སྣ་ཚོགས་ལ།།

ཡོངས་སུ་འདྲིས་པའི་སྲིད་པའི་སྨུག་པ་ཁྱོད།།

དགའ་སྐྱོ་ཚོར་བའི་སྐུད་པ་འཁེལ་བ་ལ།།

བྱང་བའི་སྙན་ངག་མཁན་ཁྱོད་སུ་ཡི་མགྲོན།།

༼ ཁངས་མ། ༽