国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






༄༅།། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡ་རབས་སྤྱོད་ཚུལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲོལ་ཡིག།

(༢༠༢༣ལོའི་ཟླ་བ༡༠པའི་ཚེས༢༧ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་ཞིང་། ༢༠༢༣ལོའི་ཟླ་༡༡པའི་ཚེས༢༩ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག་ཆོག་མཆན་བཀོད།)

ལེའུ་དང་པོ། སྤྱིའི་དོན་ཚན་གྱི་སྐོར།

དོན་ཚན་དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་གསོ་སྐྱོང་དང་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་སྐྱོང་ཞིང་། ཡ་རབས་སྤྱོད་ཚུལ་སྤེལ་བར་ཁྲིད་སྟོན་དང་སྐུལ་འདེད་བཏང་ནས། སྤྱི་དམངས་ཀྱི་ཡ་རབས་བྱང་ཚད་དང་སྤྱི་ཚོགས་ཡ་རབས་དར་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ནས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཞེས་འབོད་རྒྱུའི)དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་ཡ་རབས་སྤྱོད་ཚུལ་ལ་སྐུལ་འདེད་གཏོང་བའི་ལས་ཀ་དང་དེའི་འབྲེལ་ཡོད་བྱེད་སྒོར་སྲོལ་ཡིག་འདི་སྤྱད་འཐུས།

སྲོལ་ཡིག་འདིའི་ནང་བརྗོད་པའི་ཡ་རབས་སྤྱོད་ཚུལ་ཞེས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱི་བླང་བྱ་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་མཚོན་ཞིང་། སྤྱི་སྒྲིག་སྲོལ་བཟང་སྲུང་སྐྱོང་།སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད། སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་བཅས་བྱེད་པའི་བྱ་སྤྱོད་ལ་ཟེར།

དོན་ཚན་གསུམ་པ། ཡ་རབས་སྤྱོད་ཚུལ་ཀྱིས་ལས་ཀར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་དང་སྤྱོད་སྐྱོང་ཟུང་འབྲེལ་དང་། དར་སྤེལ་དང་བཅོས་སྐྱོང་ཟུང་འབྲེལ། རང་གཅུན་དང་གཞན་གཅུན་ཟུང་འབྲེལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུ་ཡིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར། སྡེ་ཁག་གིས་རང་འགན་རང་འཁུར། སྤྱི་ཚོགས་ཀྱིས་མཉམ་དུ་སྐུལ་སྤེལ། མང་ཚོགས་མཉམ་དུ་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། དམངས་ཡོངས་ཞུགས་པ་དང་ས་ཁོངས་ཡོངས་གསར་འཛུགས་བྱེད་པའི་ལས་ཀའི་རྣམ་པ་ཆགས་པར་བྱ་དགོས།

དོན་ཚན་བཞི་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཡ་རབས་སྤྱོད་ཚུལ་ལ་སྐུལ་འདེད་གཏོང་བའི་ལས་ཀར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་འགན་འཁུར་རྒྱུ་དང་། མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ནས་གནད་དོན་གལ་ཆེན་ཞིབ་འཇུག་དང་མཐུན་སྦྱོར་ངང་ཐག་གཅོད་བྱ་དགོས། དེའི་དོན་གཅོད་ལས་ཁུངས་ཀྱིས་ཡ་རབས་སྤྱོད་ཚུལ་སྤེལ་བར་སྐུལ་འདེད་གཏོང་བའི་ལས་ཀའི་འཆར་འགོད་ལག་བསྟར་དང་། མཛུབ་སྟོན་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལས་ཀ་ཞིབ་ཕྲ་སྒྲུབ་འགན་འཁུར་དགོས།

དོན་ཚན་ལྔ་པ། རང་སྐྱོང་ཁུལ་དང་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ཡ་རབས་སྤྱོད་ཚུལ་སྤེལ་བར་སྐུལ་འདེད་གཏོང་བའི་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་གཞུག་དགོས་པ་དང་། ཡ་རབས་སྤྱོད་ཚུལ་སྤེལ་བར་སྐུལ་འདེད་གཏོང་བའི་ལས་ཀ་དེ་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་མཁོ་བའི་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་གཞུག་དགོས།

རང་སྐྱོང་ཁུལ་དང་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་ཡ་རབས་སྤྱོད་ཚུལ་སྤེལ་བར་སྐུལ་འདེད་གཏོང་བའི་ལས་ཀ་ལེགས་པར་བསྒྲུབ་དགོས།

ཡུལ་ཤོག(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་ལམ་དོན་གཅོད་ཁང་གིས་འགན་འཁྲི་གཞིར་བཟུང་ནས་ཡ་རབས་སྤྱོད་ཚུལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས།

དོན་ཚན་དྲུག་པ། ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

རྒྱལ་ཁབ་ལས་ཁུངས་དང་།མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་སྡེ་ཁག། སྤྱི་ཚོགས་རྩ་འཛུགས།གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བཅས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་བྱེད་སྒོར་རྒྱབ་སྐྱོར་དང་ཐེ་ཞུགས་ཧུར་ཐག་བྱ་དགོས།

རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་།མི་དམངས་འཐུས་ཚོགས་ཀྱི་འཐུས་མི།སྲིད་གྲོས་ཨུ་ཡོན།སྤྱི་ཚོགས་ཀྱི་སྤྱི་དམངས་མི་སྣ།སྔོན་ཐོན་དཔེ་བཟང་མི་སྣ་སོགས་ཀྱིས་སྣེ་ཁྲིད་དེ་དཔེ་སྟོན་བྱ་དགོས་པ་དང་།ཡ་རབས་རྣམ་པ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱ་དགོས།

ལེའུ་གཉིས་པ། དར་སྤེལ་དང་ཚད་ལྡན་གྱི་སྐོར།

དོན་ཚན་བདུན་པ། རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་ཞིང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་།རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་སྲུང་སྐྱོང་། རྒྱལ་དར་དང་།རྒྱལ་གླུ།རྒྱལ་རྟགས་བཅས་ཀྱི་ལ་རྒྱ་སྲུང་སྐྱོང་བཅས་བྱ་དགོས།

རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་།ལམ་གཉིས་ཀྱི་སྙིང་སྟོབས།ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་།གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏང་དགོས།

སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་སྲུང་དང་།ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་།ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ།མི་སྒེར་གྱི་ཀུན་སྤྱོད་ལེགས་སུ་གཏོང་བ་བཅས་བྱ་དགོས།

དོན་ཚན་བརྒྱད་པ། གཤམ་གསལ་གྱི་ཡ་རབས་སྤྱོད་ཚུལ་དར་སྤེལ་དང་བསྔགས་སྐུལ་བྱ་དགོས་པ་སྟེ།

(གཅིག)དམར་དམག་དཀར་མཛེས་ཁུལ་དུ་རྒྱང་སྐྱོད་དང་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པ་སོགས་ཀྱི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་དགོས་པ་དང་།གསར་བརྗེའི་སློབ་གསོ་དང་བརྗོད་བྱ་གཙོ་བོའི་ལག་ལེན་སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་དགོས།

(གཉིས།)རྒན་འཁོགས་དང་།ལོ་ན་མ་སོན་པའི་སྐྱེ་བོ།དབང་པོ་སྐྱོན་ཅན་སོགས་ལ་གཅེས་སྐྱོང་བྱ་དགོས་པ་དང་།རྒན་འཁོགས་དང་དྭ་ཕྲུག་ལ་རོགས་སྐྱོར་དང་ཉམ་སྐྱོར་དཀའ་སེལ་སོགས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་ནང་དུ་ཞུགས་དགོས།

(གསུམ།)དཔའ་བོ་དཔེ་བཟང་དང་།ཀུན་སྤྱོད་དཔེ་བཟང་།ངལ་རྩོལ་དཔེ་བཟང་།ཉེ་འགྲམ་གྱི་མི་བཟང་།ད་ལྟའི(ཕྱིར་འཐེན)དམག་ཞབས་ཞུ་བའི་དམག་མི།མེ་གསོད་རོགས་སྐྱོབ་མི་སྣ།སྔོན་གཤེགས་དཔའ་བོའི་ནང་མི་སོགས་ལ་གཅེས་སྐྱོང་དང་གུས་བཀུར་ཞུ་དགོས།

(བཞི།)རང་ཉིད་ཀྱི་ནུས་པ་དང་འཚམ་པའི་བདེན་པའི་རྒྱབ་ལངས་ནང་ཞུགས་དགོས།

(ལྔ།)རིན་མེད་ཁྲག་འབུལ་ནང་ཞུགས་དགོས།

(དྲུག)བཅའ་ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བབ་བསྟུན་རོགས་སྐྱོབ་དང་ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་བྱེད་སྒོར་ཞུགས་དགོས།

(བདུན།)རང་འདུན་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ནང་དུ་ཞུགས་དགོས།

(བརྒྱད།)དར་སྤེལ་དང་བསྔགས་སྐུལ་གྱི་ཡ་རབས་སྤྱོད་ཚུལ་གཞན་དག་བཅས་ཡིན།

དོན་ཚན་དགུ་པ། གཤམ་གསལ་གྱི་མི་རིགས་མཐུན་སྒྲིལ་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག)རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་དེ་ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ།ཁྱིམ་སྲོལ་བཅས་ཀྱི་ནང་དུ་འདྲེས་པར་བྱས་ནས། མི་རིགས་ལ་མཐོང་ཆུང་དང་།མི་རིགས་ལ་བརྙས་བཅོས།མི་རིགས་ཁ་ཕྲལ།རྒྱལ་ཁབ་གཅིག་གྱུར་ཡོང་བར་གནོད་འཚེ་གཏོང་བ་བཅས་ཀྱི་གཏམ་སྤྱོད་བཀག་འགོག་བྱ་དགོས།

(གཉིས།)མི་རིགས་ཀྱི་སྲོལ་རྒྱུན་དང་མི་རིགས་ཀྱི་སྐད། མི་རིགས་ཀྱི་གོམས་སྲོལ་སོགས་ལ་བརྩི་འཇོག་བྱ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་བྱེད་སྒོ་སོགས་ཀྱི་ནང་དུ་ཞུགས་དགོས།

(གསུམ།)གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་།མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དུས་ཆེན་དང་རྟེན་འབྲེལ་ཞུ་བ་སོགས་ཀྱི་བྱེད་སྒོའི་ནང་དུ་ཞུགས་དགོས།

(བཞི།)བརྩི་སྲུང་བྱ་དགོས་པའི་མི་རིགས་མཐུན་སྒྲིལ་གྱི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་པ། གཤམ་གསལ་ཚོང་རའི་བྱེད་སྒོའི་ཡ་རབས་སྤྱོད་ཚུལ་ཚད་གཞིར་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)ཁ་དན་ཚིག་གནས་ཀྱི་རྩ་དོན་ལ་བརྩི་སྲུང་དང་།ཁྲིམས་བཀོད་འོས་འགན་དང་ཁ་དན་བཞག་པའི་འོས་འགན་རང་རྟོགས་ཀྱིས་ལག་བསྟར། ཁས་ལེན་དོན་འཁྱོལ་བཅས་བྱ་དགོས།

(གཉིས།)ཚོང་ལས་ཀྱི་མཚན་སྙན་ལ་མཐོང་ཆེན་དང་།ཚོང་ལས་ཀྱི་གསང་བ་དམ་སྲུང་།མི་གཞན་གྱི་གསང་དོན་ཕྱིར་མི་གྱར་བ།མི་གཞན་སྒེར་གྱི་ཆ་འཕྲིན་གང་བྱུང་དུ་མི་སྤྱོད་པ།

(གསུམ།)འགྲན་རྩོད་དྲང་གཞག་དང་།རིན་གོང་གསལ་པོར་འགོད་པ། དོན་དངོས་དྲིལ་བསྒྲགས། རྫུན་བཟོ་རྫུན་ཚོང་མི་བྱེད་པ། བཙན་ཤེད་ཀྱིས་ཉོ་ཚོང་མི་བྱེད་པ།

(བཞི།)བརྩི་སྲུང་བྱ་དགོས་པའི་ཚོང་རའི་བྱེད་སྒོའི་ཡ་རབས་སྤྱོད་ཚུལ་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་གཅིག་པ། གཤམ་གསལ་ཡུལ་སྲོལ་ཡ་རབས་སྤྱོད་ཚུལ་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག)གཉེན་སྟོན་བྱེད་སྐབས་རྒྱས་སྤྲོས་ཆུད་ཟོས་མི་བྱེད་པ་དང་།ཕན་ཚུན་བསྡུར་རེས་མི་བྱེད་པ།རིན་གོང་མཐོ་བའི་ལག་རྟགས་མི་ལེན་པ།

(གཉིས།)འཚོ་དུས་སྲི་ཞུ་ལ་རྩིས་ཆེན་ལས་འཆི་དུས་རྒྱས་སྤྲོས་མི་བྱེད་ཅིང་། གཤིན་པོ་དུར་འཇུག་གྲོན་ཆུང་བྱེད་པ། ཞལ་འདོན་མཁན་མི་གྲངས་དང་དུས་ཚོད་འོས་འཚམ་ཡིན་པ།

(གསུམ།)ཡ་རབས་ཚུལ་ལྡན་གྱི་མཆོད་འབུལ་བྱེད་པ་ལས་མཆོད་འབུལ་དངོས་རྫས་གང་བྱུང་དུ་མེར་སྲེག་པ་དང་གཏོར་བརླག་མི་གཏོང་བ།

(བཞི།)བཀག་སྡོམ་ས་ཁོངས་དང་།གནས་ཡུལ།སྤྱི་པའི་སྒྲིག་བཀོད་སྒྲིག་ཆས་བཅས་ཀྱི་ཐོག་དར་ལྕོག་མི་འགེལ་བ།

(ལྔ།)ལུགས་རྙིང་སྲོལ་ངན་དོར་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་དེ་བཞིན་མ་རབས་ཐ་ཤལ་གྱི་བྱེད་སྒོ་གཞན་དག་ནང་མི་ཞུགས་པ།

(དྲུག)བརྩི་སྲུང་བྱ་དགོས་པའི་ཡུལ་སྲོལ་ཡ་རབས་སྤྱོད་ཚུལ་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་གཉིས་པ། གཤམ་གསལ་གྱི་སྤྱི་པའི་སྒྲིག་ལམ་གྱི་ཡ་རབས་སྤྱོད་ཚུལ་ཚད་གཞི་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)གྱོན་ཆས་གཙང་ཞིང་གྲལ་འགྲིག་པ་དང་། གཏམ་སྤྱོད་ཡ་རབས་ཚུལ་ལྡན་ཡིན་དགོས།

(གཉིས།)རང་རྟོགས་ཀྱིས་གྲལ་བསྒྲིགས་ནས་ཡ་རབས་ཚུལ་ལྡན་གྱི་གུས་ཞབས་བྱ་དགོས།

(གསུམ།)སྤྱི་པའི་སྒྲིག་བཀོད་དང་མེ་ཏོག་དང་རྩི་ཤིང་སོགས་ལ་གཅེས་སྐྱོང་བྱ་དགོས།

(བཞི།)སུན་སྒྲའི་སྦགས་བཙོག་འགོག་སེལ་བྱེད་ཕྱོགས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས། སུན་སྒྲས་མང་ཚོགས་ལ་སུན་པོ་མི་བཟོ་བ་དང་། འུར་སྒྲ་ཆེན་པོ་མི་བྱེད་པ།

(ལྔ།)འཁྲབ་སྟོན་ནམ་འགྲན་བསྡུར་ལ་ལྟ་སྐབས་ལས་ཡུལ་དངོས་ཀྱི་དོ་དམ་ལ་བརྩི་སྲུང་ཞུ་དགོས་པ་དང་།ལྟད་མོ་ལྟ་བའི་གུས་ལུགས་ལ་དོ་སྣང་ཆེན་པོ་བྱེད་ཅིང་། ཡ་རབས་ཚུལ་ལྡན་གྱི་ངང་ནས་ངར་སློང་དང་བསྔགས་འབོད་བྱ་དགོས།

(དྲུག)ཁྱི་ཁྲིད་ནས་ཕྱི་ལ་འགྲོ་དུས་ཁྱི་ཐག་གིས་འཁྲིད་པ་དང་།རང་འགུལ་གྱིས་ལམ་འགྲོ་བ་ལས་བྱོལ་དགོས་པ་དང་། ཁྱིའི་གཅིན་སྐྱག་དུས་ཐོག་ཏུ་གཙང་སེལ་བྱ་དགོས།

(བདུན།)ཚོང་རྫས་གང་བྱུང་དུ་མི་བཤམ་པ་དང་ཁྲིམས་འགལ་གྱིས་འགྲོ་ལམ་བཟུང་ནས་ཚོང་གཉེར་མི་བྱེད་པ།

(བརྒྱད། )བརྩི་སྲུང་བྱ་དགོས་པའི་སྤྱི་པའི་སྒྲིག་ལམ་གྱི་ཡ་རབས་སྤྱོད་ཚུལ་གཞན་དག་བཅས་ཡིན།

དོན་ཚན་བཅུ་གསུམ་པ། གཤམ་གསལ་སྤྱི་པའི་ཁོར་ཡུག་གི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)གང་སར་ཁ་ལུད་མི་འཕེན་པ་དང་། ཁ་གཙང་ཐང་ཆུ་དང་ཀྭ་ཤུན་དང་ཤིང་འབྲས་གང་བྱུང་དུ་མི་འཕེན་པ།

(གཉིས།)གད་སྙིགས་སོགས་བེད་མེད་དངོས་རོ་ཚད་དང་མཐུན་པ་གད་སྙིགས་སྡུད་གསོག་བྱེད་སར་འཇོག་པ།

(གསུམ།)ལུ་བ་དང་ཧབ་ཆི་རྒྱག་སྐབས་ཁ་སྣ་འགེབས་པ། འགོས་ནད་རང་བཞིན་གྱི་དབུགས་ལམ་ནད་ཕོག་སྐབས་རང་རྟོགས་ཀྱིས་ཁ་རས་རྒྱག་པ།

(བཞི།)རིམས་ནད་ཕོག་པའམ་རིམས་ནད་ཕོག་མཁན་དང་ཉེ་སར་བཅར་ཡོད་ན། ཁྲིམས་ལྟར་འབྲེལ་ཡོད་བརྟག་ཞིབ་དང་། ལོགས་བཀར་སྨན་བཅོས། བདེ་ཐང་དོ་དམ་སོགས་ཀྱི་བྱེད་ཐབས་ལ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་བཤད་དགོས།

(ལྔ།)ཐ་མག་འཐེན་མི་ཆོག་པའི་ས་ཁོངས་སུ་ཐ་མག་མི་འཐེན་པ(གློག་རྡུལ་ཐ་མག་ཚུད)དང་།ཐ་མག་འཐེན་ཆོག་པའི་ས་ཁོངས་སུ་ཐ་མག་འཐེན་སྐབས་མི་གཞན་ལས་གཡོལ་ཐབས་ལུགས་མཐུན་བྱ་དགོས།

(དྲུག)བཟའ་བཏུང་ཞབས་ཞུའི་ལས་གཉེར་མི་སྣས་མི་སྒེར་གྱི་གཙང་སྦྲ་རྒྱུན་འཁྱོངས་དགོས་པ་དང་།འབྲེལ་ཡོད་གཏན་འབེབས་ལྟར་ཁ་རས་བརྒྱག་དགོས།

(བདུན།)བརྩི་སྲུང་བྱ་དགོས་པའི་སྤྱི་པའི་ཁོར་ཡུག་གི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་བཞི་པ། གཤམ་གསལ་སྐྱེ་ཁམས་དཔལ་ཡོན་སྤྱོད་ཚུལ་གྱི་ཚད་གཞི་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)ནགས་ཚལ་དང་།རྩྭ་ཐང་།འདམ་ར་སོགས་ཀྱི་ཐོན་ཁུངས་ལ་གཅེས་སྐྱོང་དང་།འོས་འགན་ཤིང་འཛུགས་དང་རྩྭ་འདེབས་ནང་ཧུར་ཐག་ཞུགས་པ།འབྲེལ་ཡོད་སྲུང་སྐྱོང་སྒྲིག་བཀོད་ལ་གཏོར་བཤིག་མི་གཏོང་བ།ཤོང་ཚད་ལས་བརྒལ་ནས་ཕྱུགས་མི་འཚོ་བ།

(གཉིས།)ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མི་དམངས་སྲིད་གཞུང་གིས་བསྒྲགས་པའི་བཀའ་རྒྱ་དང་གཏན་འབེབས་ལ་བརྩི་སྲུང་ཞུ་བ། གཏན་འབེབས་ལས་འགལ་ནས་བྱེས་སུ་མེ་མི་སྤྱོད་པ།

(གསུམ།)ཁྲིམས་དང་འགལ་ནས་ཆུ་བོ་དང་།མཚེའུ།འདམ་ར་སོགས་ལ་བཙོག་ཆུ་དང་།སྦགས་བཙོག་དངོས་རིགས།བེད་མེད་དངོས་རོ་བཅས་མི་བསྐྱུར་བ།

(བཞི།)ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་འཛིན་གསོད་གསུམ་དང་།ཉོ་ཚོང་།སྐྱེལ་འདྲེན།བཟའ་བ་བཅས་མི་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་ལ་གཏོར་བཤིག་མི་གཏོང་བ།

(ལྔ།)ཚད་ལས་བརྒལ་ནས་སྲོག་སླུ་མི་བྱེད་པ་དང་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་སྲོག་སླུ་མི་བྱེད་པ།

(དྲུག)དབྱར་རྩྭ་དགུན་འབུ་འཐུ་སྐབས་རྩྭ་ཤུན་བརྐོས་རྗེས་ཕྱིར་བསྐང་དགོས།

(བདུན།)ཤ་མོ་འཐུ་སྐབས་མ་རྐང་ཁག་ཅིག་གཞག་པ་དང་ཤ་མོའི་ཚང་ཕྱིར་བསྐང་དགོས་ལ། འགོ་འབུས་ཤ་མོ་མི་བརྐོ་བ།

(བརྒྱད།)བྱེས་སུ་སྒར་རྒྱག་པ་དང་།རྟ་རྒྱུག་འགྲན་བསྡུར།ཉ་འཛིན་པ་སོགས་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཚེ་ཁོར་ཡུག་ལ་སྦགས་བཙོག་དང་གཏོར་བཤིག་མི་གཏོང་བ།

(དགུ།)ཚན་རིག་དང་མཐུན་པའི་སྒོ་ནས་རྫས་ལུད་དང་ཞིང་སྨན་སྤྱོད་པ་དང་།བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིང་སྤྱོད་འགྱིག་ཤོག་སྤྱོད་པ།

(བཅུ།)བརྩི་སྲུང་བྱ་དགོས་པའི་སྐྱེ་ཁམས་དཔལ་ཡོན་གྱི་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅོ་ལྔ་པ། གཤམ་གསལ་གྱི་ལྷད་མེད་བདེ་ཐང་གི་འཚོ་བའི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)ཐོན་ཁུངས་གྲོན་ཆུང་དང་།རེས་འཁོར་བེད་སྤྱོད་ཆོག་པའི་ཐོན་རྫས་བེད་སྤྱོད།ཐེངས་གཅིག་རང་བཞིན་གྱི་འཛད་སྤྱོད་མཁོ་ཆས་དང་ཐུམ་སྒྲིལ་ཚད་ལས་བརྒལ་བའི་ཐོན་རྫས་བེད་སྤྱོད་ཉུང་དུ་གཏང་དགོས།

(གཉིས།)ཆུ་དང་། གློག། སོལ་རླངས་བཅས་གྲོན་ཆུང་བྱས་ནས་དུས་ཐོག་ཏུ་གློག་ཆས་དང་གློག་ཁུངས་ཀྱི་སྒོ་རྒྱག་པ་དང་། ཤོག་བུ་མི་སྤྱོད་པའི་གཞུང་ལས་སྒྲུབ་པར་བསྔགས་སྐུལ་དང་རྒྱབ་སྐྱོར། ཤོག་བུའི་ངོས་གཉིས་ཀ་བེད་སྤྱོད་གཏང་དགོས།

(གསུམ།)རྐང་ཐང་དང་། བཞོན་པ། ཡང་ན་སྤྱི་པའི་འགྲིམ་འགྲུལ་དང་མཉམ་སྤྱོད་འགྲིམ་འགྲུལ་ཡོ་བྱད་སོགས་སྔོན་ལ་བདམས་ནས་འགྲོ་སྐྱོད་བྱ་དགོས།

(བཞི།)ཡ་རབས་ཚུལ་ལྡན་ངང་ཁ་ལག་ཟ་བ་དང་།ཚུལ་མཐུན་འཛད་སྤྱོད་བྱེད་པ།སྤྱི་ཁེམ་དང་སྤྱི་ཐུར་སྤྱོད་ལ། སྡེར་གཙང་བྱ་སྤྱོད་ལག་ལེན་བསྟར་བ། ཆང་རག་འཐུང་བར་མི་སྐུལ་བ་དང་ཨར་མྱོས་མི་བྱེད་པ།

(ལྔ།)ལུས་རྩལ་སྦྱོང་བརྡར་ལ་ཤུགས་བརྒྱབ་ནས་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་དང་དཔེ་ཀློག་གི་སྤྲོ་བ་འཕེལ་དུ་བཅུག་ཅིང་། རིག་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ་དང་དམངས་ཡོངས་ཀྱིས་དཔེ་ཆ་ཀློག་ཅེས་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་དགོས།

(དྲུག)བརྩི་སྲུང་བྱ་དགོས་པའི་ལྷད་མེད་བདེ་ཐང་གི་འཚོ་བའི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་དྲུག་པ། གཤམ་གསལ་ཡུལ་སྐོར་གྱི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག)ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དང་།ཡུལ་སྲོལ་གོམས་གཤིས།ཆོས་ལུགས་དད་མོས་བཅས་ལ་བརྩི་འཇོག་དང་།དོ་དམ་དང་ཁྲིད་སྟོན་ལ་བརྩི་སྲུང་།གཏན་འབེབས་ལྟར་སྒྲ་ཕབ་དང་།པར་ལེན།བརྙན་ལེན་སོགས་ཀྱི་ཡོ་བྱད་བེད་སྤྱོད་བྱ་དགོས།

(གཉིས།)ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་དང་གསར་བརྗེའི་རིག་གནས།རིག་དངོས་གནའ་ཤུལ།མཛེས་ལྗོངས་གྲགས་ཅན་སོགས་ཡུལ་སྐོར་ཐོན་ཁུངས་ལ་གཅེས་སྐྱོང་བྱ་དགོས།

(གསུམ།)ཡུལ་སྐོར་གཉེར་སྐྱོང་བྱེད་མཁན་དང་ལས་སྒྲུབ་མི་སྣས་ལས་རིགས་ཀྱི་ཀུན་སྤྱོད་བརྩི་སྲུང་དང་།ཡ་རབས་ཀྱི་སྐད་ཆ་ཚད་ལྡན།སྤྲོ་སེམས་འཁོལ་བའི་ཞབས་ཞུ་སྤུས་ལེགས།ཡུལ་སྐོར་བར་སྤྱི་ཚོགས་ཀྱི་སྒྲིག་སྲོལ་བཟང་པོ་དང་འགལ་བའི་ཚོང་ཟོག་དང་ཞབས་ཞུའི་རྣམ་གྲངས་འདོན་སྤྲོད་མི་བྱེད་པ།

(བཞི།)མཚོ་འཕགས་སྨི༣༥༠༠ཡན་གྱི་རི་རྩེར་འཛེག་པ་དང་མི་མེད་ཁུལ་བརྒལ་བ་སོགས་ཕྱི་རོལ་གྱི་ལུས་རྩལ་དང་མྱུལ་དཔྱད་བྱེད་སྒོ་སྤེལ་བར་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་ཞུ་དགོས།

(ལྔ།)བརྩི་སྲུང་ཞུ་དགོས་པའི་ཡུལ་སྐོར་གྱི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་བདུན་པ། གཤམ་གསལ་འགྲིམ་འགྲུལ་གྱི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག)རླངས་འཁོར་གྱི་རིགས་བཏང་ནས་གློག་འོད་དང་སྒྲ་དུང་བེད་སྤྱོད་ཚད་ལྡན་གཏོང་བ་དང་། རང་འགུལ་གྱིས་རྐང་ཐང་བར་གུས་པས་བྱོལ་དགོས། ཛ་དྲག་ཆེ་བའི་ལས་འགན་སྒྲུབ་པའི་མེ་གསོད་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་སོགས་དམིགས་བསལ་རླངས་འཁོར་ལ་རང་འགུལ་གྱིས་གཡོལ་ཐབས་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་འགྲོ་སྐྱོད་བྱེད་ཅིང་། ལམ་བཟུང་ནས་རླངས་འཁོར་སྔོན་མ་ལས་བརྒལ་བ་དང་བསམ་ངན་ཁོག་བཅུག་གིས་རླངས་འཁོར་གཞན་དག་བཀག་པ་བཅས་མི་བྱེད་ལ། འདམ་བག་དང་ཆུ་གསོག་པའི་ལམ་དུ་འགྲོ་སྐབས་དལ་མོ་གཏང་དགོས།

(གཉིས།)རླངས་འཁོར་འཇོག་དུས་ཚད་ལྡན་དང་གོ་རིམ་ལྡན་པ་དང་། འཚུབ་བསྟུན་བགྲོད་ལམ་དང་མི་འགྲོ་སའི་ལམ་སོགས་རླངས་འཁོར་འཇོག་མི་ཆོག་པའི་ས་ཁོངས་དང་དབང་པོ་སྐྱོན་ཅན་གྱི་རླངས་འཁོར་འཇོག་གནས་བཟུང་སྤྱོད་མི་བྱེད་པ།

(གསུམ།)རྐང་ཐང་བ་མི་འགྲོ་སའི་ལམ་དུ་སྐྱོད་པ་དང་།གཞུང་ལམ་བརྒལ་ན་ཁྲ་ཐིག་ཏུ་སྐྱོད་པ། གློག་དམར་མི་བརྒལ་བ། གཞུང་ལམ་གྱི་ཟུར་བཅད་སྒྲིག་བཀོད་ལས་མི་བརྒལ་བ་བྱ་དགོས།

(བཞི།)སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་ཁྲིད་སྟོན་ལ་བརྩི་སྲུང་དང་། རང་རྟོགས་ཀྱིས་གྲལ་སྒྲིག་པ་དང་སྔོན་བབས་རྗེས་འཛེག་བྱེད་པ། རང་འགུལ་གྱིས་རྒན་ཞན་ནད་སྐྱོན་མཁན་དང་སྦྲུམ་མ་སོགས་འགྲུལ་པར་སྡོད་ས་སྤྲོད་པ་དང་། གློག་རྡུལ་སྒྲིག་ཆས་ཀྱི་སྒྲ་ཕྱིར་མི་གཏོང་བ། ( པར་ངོས་གསུམ་པར་གཟིགས།)