( པར་ངོས་གཉིས་པར་མཐུད།)
(ལྔ།)འཕྲུལ་རྟ་དང་གློག་སྒུལ་འཁོར་ལོ་བཞོན་དུས་རྨོག་ཞྭ་ཚད་ལྡན་གྱོན་པ། ལམ་འཕྲོག་རེས་མི་བྱེད་པ་དང་ལྡོག་ཕྱོགས་སུ་མི་སྐྱོད་པ། སྒྲིག་འགལ་གྱིས་མི་དང་དངོས་ཟོག་མི་ཁུར་བ། དམིགས་འཛུགས་ས་ཁོངས་སུ་གློག་སྒུལ་འཁོར་ལོར་གློག་གསོག་པ།
(དྲུག)སྐྱེལ་འདྲེན་རླངས་འཁོར་གཏོང་མཁན་གྱིས་རླངས་འཁོར་ནང་གཙང་ཞིང་དྲི་ངན་མི་བྲོ་བ་བྱ་དགོས་ཤིང་། ཡ་རབས་ཚུལ་ལྡན་གྱི་སྐད་ཆ་བཤད་པ་དང་ཞབས་ཞུ་ཚད་ལྡན་བྱེད་ཅིང་། འགྲུལ་པ་བསྐྱུར་བ་དང་མགོ་སྐོར་གཏོང་བ། མི་འཁུར་བ་བཅས་མི་བྱེད་པ།
(བདུན།)མཉམ་སྤྱོད་རྐང་འཁོར་དང་མཉམ་སྤྱོད་རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་གཅེས་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱེད་པ་དང་འཇོག་སྟངས་ཚད་དང་ལྡན་པ།
(བརྒྱད།)བརྩི་སྲུང་ཞུ་དགོས་པའི་འགྲིམ་འགྲུལ་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས།
དོན་ཚན་བཅོ་བརྒྱད་པ། གཤམ་གསལ་དྲ་བའི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་བྱ་དགོས་པ་སྟེ།
(གཅིག)དྲ་བའི་སྒྲིག་ལམ་སྲུང་སྐྱོང་དང་། ཡར་བརྩོན་དགེ་ཕྱོགས་ཀྱི་དྲ་བའི་རིག་གནས་ཁྱབ་སྤེལ་དང་། ཆ་འཕྲིན་རྫུན་མའམ་ཆ་འཕྲིན་ངན་པ་རྫུན་བཟོ་དང་འགྲེམས་བསྒྲགས། ཁྱབ་སྤེལ་བཅས་མི་བྱ་རྒྱུ།
(གཉིས།)ཡ་རབས་ཀྱིས་སྤེལ་རེས་དང་དཔྱོད་ཤེས་ལྡན་པའི་སྒོ་ནས་སྐད་ཆ་བཤད་ཅིང་། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་། མི་དོན་ཆེད་དམིགས་འཚོལ་བཤེར་དང་དམའ་འབེབས་རྒོལ་རྡུང་། དཀྲོགས་གཏམ་སྐུར་འདེབས་སོགས་དྲ་བའི་གཏུམ་སྤྱོད་བྱ་སྤྱོད་བཀག་འགོག་བྱ་རྒྱུ།
(གསུམ།)མ་རབས་ཐ་ཤལ་དང་། ཞེན་མི་རིག་གནས། ལེགས་སྐྱེས་ཆེན་པོ་འབུལ་བ་སོགས་དྲྭ་ཐོག་གི་མ་རབས་སྤྱོད་ཚུལ་བཀག་འགོག་བྱ་རྒྱུ།
(བཞི།)དྲ་བའི་ཐད་གཏོང་ནང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དང་འགལ་བ་དང་། སྤྱི་པའི་སྒྲིག་སྲོལ་དང་འགལ་བའི་ནང་དོན་ཁྱབ་བསྒྲགས་མི་བྱ་རྒྱུ།
(ལྔ།)དྲ་བར་བརྟེན་ནས་སྐྱེ་བོ་ལོ་ན་མ་སོན་པའི་ལུས་ཁམས་དང་སེམས་ཁམས་ལ་གནོད་པའི་ནང་དོན་ཡོད་པའི་ཆ་འཕྲིན་བཟོ་སྒྲིག་དང་། འདྲ་བཟོ། ཁྱབ་བསྒྲགས། ཁྱབ་སྤེལ་བཅས་མི་བྱ་རྒྱུ།
(དྲུག)བརྩི་སྲུང་བྱ་དགོས་པའི་དྲ་བའི་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།
དོན་ཚན་བཅུ་དགུ་པ། རང་སྐྱོང་ཁུལ་དང་། རྫོང་(གྲོང་ཁྱེར་)གི་བསམ་པའི་དཔལ་ཡོན་སྐྱོང་སྤེལ་སློབ་སྟོན་ལས་ཁུངས་ཀྱིས་དུས་བཀག་ལྟར་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀའི་ད་ཡོད་གནས་ཚུལ་ལ་དཔྱད་བསྡུར་དཔྱད་དཔོག་བྱས་ཏེ་གཙོ་གནད་བཅོས་སྐྱོང་ཞིབ་ཐོ་འགོད་པར་མ་ཟད་དུས་དང་བསྟུན་ནས་ལེགས་སྒྲིག་བྱས་ཏེ་དུས་ཐོག་ཏུ་སྤྱི་ཚོགས་ལ་བསྒྲག་དགོས།
གཤམ་གསལ་གྱི་མ་རབས་སྤྱོད་ཚུལ་དག་གཙོ་གནད་བཅོས་སྐྱོང་བྱ་དགོས།
(གཅིག)གང་མོས་ཀྱིས་རླངས་འཁོར་བཏང་ནས་རྩྭ་ཐང་དང་། འདམ་ར། ཀལ་འགྱུར་གྲམ་ཐང་སོགས་སྐྱེ་ཁམས་ཉམས་ཞན་ས་ཁོངས་བརྫིས་གནོན་དང་ཡང་ན་བརྒྱུད་པ།
(གཉིས།)ཆོག་མཆན་མ་ཐོབ་པར་རྩྭ་ཐང་དང་ནགས་ས་སོགས་ལྷས་སུ་བསྐོར་ནས་ལྗོངས་གནས་དང་། འདུ་གནས་པར་ལེན་ས་བཙུགས་ནས་ཁེ་ཕན་གཉེར་པ།
(གསུམ།)ཁྲིམས་དང་འགལ་ནས་རི་སྐྱེས་སྲོག་ཆགས་རྔོན་པ་དང་གསོད་པ། ཉོ་ཚོང་། སྐྱེལ་འདྲེན། བཟའ་སྤྱོད་བཅས་བྱེད་པ་དང་། ཕྱི་ཡོང་སྲོག་ཆགས་རིགས་སྲོག་བླུ་ཚེ་ཐར་གཏོང་བ།
(བཞི།)མེ་འགོག་བཀའ་རྒྱ་དང་འགལ་ནས་ཕྱི་རོལ་དུ་མེ་སྤྱོད་པ།
(ལྔ།)སྤྱི་པའི་སྒྲིག་བཀོད་ཀྱི་ལྗང་ས་གཏོར་བརླག་གམ་བཟུང་སྤྱོད་དང་། རྩི་ཤིང་གཅོད་པ།
(དྲུག)སྒྲིག་སྲོལ་ལས་འགལ་ཏེ་ཁང་སོགས་སྐྲུན་དངོས་དང་སྒྲིག་བཀོད་གཞན་དག་འཛུགས་པ་དང་། རང་དགར་ཁང་པའི་སྤྱི་ཁོག་དང་ཐེག་ཚད་ལ་འགྱུར་བ་གཏོང་བ།
(བདུན།)ཁང་སོགས་སྐྲུན་དངོས་དང་ཡང་ན་རླངས་འཁོར་ནང་ནས་ཕྱི་ལ་དངོས་རྫས་དབྱུག་རྒྱུ།
(བརྒྱད།)སྤྱི་པའི་ས་ཁོངས་དང་། ལོ་རྒྱུས་ཀྱི་རྗེས་ཤུལ། མི་མང་འདུ་རའི་སྒྲིག་བཀོད་དང་སྒྲིག་ཆས་སུ་གང་བྱུང་དུ་དངོས་རིགས་བཀལ་བ་དང་སྦྱར་བ། གང་བྱུང་དུ་རི་མོ་འབྲི་བ།
(དགུ།)བར་ཁྱམས་དང་འཚུབ་བསྟུན་བགྲོད་ལམ་སོགས་སྤྱི་པའི་ས་ཁོངས་སུ་སྒྲིག་ལམ་ལས་འགལ་ཏེ་འཕྲུལ་རྟ་དང་། གློག་སྒུལ་འཕྲུལ་འཁོར། རྐང་འཁོར་བཅས་འཇོག་པའམ་གད་སྙིགས་སྤུངས་ནས་འགྲོ་སྐྱོད་དང་མེ་ཟོན་བདེ་འཇགས་ལ་གནོད་འཚེ་སྐྱེལ་བ།
(བཅུ།)བཟའ་བཏུང་གཉེར་སྐྱོང་བྱེད་མཁན་གྱིས་གཏན་འབེབས་ལྟར་སྣུམ་གྱི་དུ་དྲེག་དང་བཙོག་ཆུ་ཕྱིར་ལ་མི་འབུད་པ།
(བཅུ་གཅིག)རླངས་འཁོར་གཏོང་དུས་ལམ་བཟུང་སྔོན་རྒྱུག་དང་བསམ་ངན་གྱིས་རླངས་འཁོར་གཞན་དག་བཀག་པ།
(བཅུ་གཉིས།)དྲྭ་ཐོག་ཏུ་གཏམ་འཆལ་བཟོས་ནས་སྤེལ་བ་དང་། དྲྭ་ཐོག་ནས་མི་ལ་ཕོག་ཐུག་གཏོང་བ།
(བཅུ་གསུམ།)བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་བཅུག་པ་དང་འགྲུལ་པར་མགོ་སྐོར་དང་གོང་སྤར་ནས་མགོ་རྡུང་བ།
(བཅུ་བཞི།)རླངས་འཁོར་བཀག་ནས་དངོས་དངུལ་སློང་བ་དང་ཚད་ལས་བརྒལ་ནས་གྱོང་གསབ་ལེན་པ།
(བཅོ་ལྔ།)གཙོ་གནད་བཅོས་སྐྱོང་གི་ཚུལ་མིན་གྱི་བྱ་སྤྱོད་གཞན་དག་བཅས་ཡིན།
དོན་ཚན་ཉི་ཤུ་པ། རྫོང་(གྲོང་ཁྱེར)དང་ཡུལ་ཤོག་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ཀྱི་གྲོང་མི་(གཞིས་མི)ཨུ་ལྷན་དང་། ཁང་བདག་ཨུ་ལྷན། ལས་རིགས་མཐུན་ཚོགས་སོགས་གྲོང་སྲོལ་དམངས་ཆིངས་(གཞིས་མིའི་སྤྱི་ཆིངས)དང་། ཁང་བདག་སྤྱི་ཆིངས། ལས་རིགས་མཐུན་ཚོགས་བཅས་ཀྱི་སྒྲིག་ཡིག་ནང་དུ་ཡ་རབས་སྤྱོད་ཚུལ་ཚད་གཞིའི་ནང་དོན་ནང་འཛུད་པར་མཛུབ་ཁྲིད་དང་སྐུལ་འདེད་གཏང་དགོས།
གྲོང་མི་(གཞིས་མི)ཨུ་ལྷན་གྱིས་རང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཉེན་སྒྲིག་དང་འདས་མཆོད་སྐབས་ཀྱི་གསོལ་སྟོན་གྱི་གཞི་ཁྱོན་དང་། ཚད་གཞི། ཁྱབ་ཁོངས་བཅས་དང་དེ་བཞིན་གཉེན་རྟེན་དང་། འབུལ་རྟེན། ལག་རྟགས་སོགས་ཀྱི་ཚད་གཞི་མཐོ་ཤོས་དང་།དེ་བཞིན་གྲོང་ཡུལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཡུལ་སྲོལ་ཡ་རབས། བབ་ཆགས་དམངས་སྲོལ་འཛུགས་སྐྱོང་སོགས་འབྲེལ་ཡོད་དོན་ཚན་དེ་གྲོང་སྲོལ་དམངས་ཆིངས་(གཞིས་མིའི་སྤྱི་ཆིངས)ཀྱི་ནང་དོན་གཙོ་བོར་བརྩི་དགོས་པའི་སྐུལ་མ་བཏང་ནས། ཁོངས་མི་ཡོངས་ཀྱིས་མཉམ་དུ་བརྩི་སྲུང་བྱ་རྒྱུར་ཁྲིད་སྟོན་བྱ་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་མཐུན་སྦྱོར་མཉམ་འགུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མངོན་གསལ་གནད་དོན་ལ་གཙོ་གནད་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཁྲིམས་འཛིན། ཆེད་དམིགས་བཅོས་སྐྱོང་བཅས་བྱ་དགོས།
འབྲེལ་ཡོད་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་གིས་ཆ་འཕྲིན་མཉམ་སྤྱོད་དང་ཁྲིམས་བསྟར་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མ་རབས་སྤྱོད་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་། བཀག་འགོག། ཞིབ་བཤེར་ཐག་གཅོད་བཅས་བྱ་དགོས།
དོན་ཚན་ཉེར་གཉིས་པ། སྲིད་འཛིན་ཁྲིམས་བསྟར་མི་སྣས་གཟབ་ནན་དང་། ཚད་ལྡན། དྲང་གཞག། ཚུལ་མཐུན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་ལག་ལེན་བསྟར་དགོས་ཤིང་། ལས་འགན་སྒྲུབ་སྐབས་གཏན་འབེབས་ལྟར་ཁྲིམས་བསྟར་ལག་ཁྱེར་བསྟན་དགོས་ལ། ཁྲིམས་བསྟར་བྱེད་རིམ་ཧྲིལ་པོ་ཐོ་འགོད་པ་དང་། བཟོ་ལྟ་གཙང་དག་དང་ཚིག་སྙན་ངག་འཇམ་ཡིན་དགོས།
ལེའུ་གསུམ་པ། འགན་སྲུང་དང་སྐུལ་འདེད་ཀྱི་སྐོར།
དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་(གྲོང་ཁྱེར་)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སློབ་སྟོན་ལས་ཁུངས་དང་དེའི་ལས་སྒྲུབ་ལས་ཁུངས་ཀྱིས་གཤམ་གསལ་འགན་འཁྲི་བསྒྲུབ་དགོས་པ་སྟེ།
(གཅིག)བསམ་པའི་དཔལ་ཡོན་འཛུགས་སྐྱོང་འཆར་གཞི་འགོད་པ་དང་། ཡ་རབས་སྤྱོད་ཚུལ་སྐུལ་སྤེལ་གཏོང་བའི་ལས་ཀའི་འགན་འཁྲི་དོན་ལ་འཁྱོལ་བའི་ནང་སྲོལ་འཛུགས་པ།
(གཉིས།)སྡེ་ཁག་དང་། ལས་ཁུངས། ལས་རིགས་མཐུན་ཚོགས། གཞི་རིམ་རྩ་འཛུགས་བཅས་ཡ་རབས་སྤྱོད་ཚུལ་སྐུལ་འདེད་གཏོང་བའི་ལས་ཀར་ཞུགས་པར་ཁྲིད་སྟོན་བྱ་རྒྱུ་དང་། ཡ་རབས་གྲོང་ཁྱེར་དང་། ཡ་རབས་གྲོང་རྡལ། ཡ་རབས་ལས་ཁུངས། ཡ་རབས་སློབ་གླིང་། ཡ་རབས་ཁྱིམ་ཚང་སོགས་མང་ཚོགས་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་བསྡུས་ནས་སྤེལ་རྒྱུ་དང་། ཡ་རབས་སྤྱོད་ཚུལ་ལ་ཁྲིད་སྟོན་དང་སྐུལ་འདེད་གཏང་རྒྱུ།
(གསུམ།)གསར་བརྗེའི་སྲོལ་རྒྱུན་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་། སྤྱི་ཚོགས་སྤྱོད་བཟང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་སྤྱོད་བཟང་། སྒེར་གྱི་ཀུན་སྤྱོད་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་སློབ་གསོ་བཅས་སྒྲིག་འཛུགས་བྱས་ཤིང་སྤེལ་ནས་དམངས་ཡོངས་ཀྱི་ཀུན་སྤྱོད་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏང་དགོས།
(བཞི།)བསྒྲུབ་དགོས་པའི་འགན་འཁྲི་གཞན་དག་བཅས་ཡིན།
དོན་ཚན་ཉེར་བཞི་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་གིས་ཡ་རབས་སྤྱོད་ཚུལ་སྐུལ་འདེད་གཏོང་བའི་ལས་ཀ་དེ་ལོ་འཁོར་གྱི་དམིགས་འབེན་དཔྱད་བསྡུར་གྱི་ནང་དོན་ནང་བཞག་ནས་འབྲེལ་ཡོད་འགན་འཁྲི་ལས་ཁུངས་ཀྱི་ཡ་རབས་སྤྱོད་ཚུལ་སྐུལ་འདེད་གཏོང་བའི་ལས་ཀར་ཞིབ་བཤེར་དང་དཔྱད་ཞིབ་བྱ་དགོས།
རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་གིས་ཀུན་སྤྱོད་དཔེ་བཟང་དང་། ཉེ་འགྲམ་གྱི་མི་བཟང་། རང་འདུན་པ་ཕུལ་བྱུང་སོགས་སྔོན་ཐོན་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད། གུས་ཞབས་ལྟ་སྐྱོང་བཅས་ཀྱི་ལམ་སྲོལ་འཛུགས་པ།
རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་གིས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་ཀར་རྒྱབ་སྐྱོར་བྱ་དགོས་པ་དང་། བསྔགས་སྐུལ་དང་བྱ་དགའ་སྤྲོད་པའི་ལམ་ལུགས་བཙུགས་ནས་མཚན་སྙན་ཐོབ་པའམ་བསྐྱར་ཞིབ་ཁྲོད་མིང་བཟང་རྒྱུན་སྲུང་ཐུབ་པའི་རིམ་པ་ཁག་གི་ཡ་རབས་གྲོང་ཁྱེར་དང་། ཡ་རབས་གྲོང་རྡལ། ཡ་རབས་ལས་ཁུངས། ཡ་རབས་སློབ་གླིང་། ཡ་རབས་ཁྱིམ་ཚང་བཅས་ལ་དངོས་པོའི་བྱ་དགའ་ངེས་ཅན་སྤྲད་དགོས།
ཁེ་ལས་དང་བྱ་གཞག་ལས་ཁུངས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱིས་ལས་བཟོ་པ་དང་ཚོགས་མིའི་ཡ་རབས་སྤྱོད་ཚུལ་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པར་སྐུལ་མ་གཏང་དགོས།
དོན་ཚན་ཉེར་ལྔ་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་གིས་གྲོང་ཡུལ་འཛུགས་སྐྲུན་འཆར་འགོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་རིག་གནས་དང་ཁྱད་ཆོས་ཕྱི་རྣམ་སྲུང་སྐྱོང་། འཚོ་བའི་ཁོར་ཡུག་མཛེས་ཤིང་དག་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཚད་ལྡན་སྒྲིག་ཡོད། རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་བཅས་གསར་དུ་བསྐྲུན་ཞིང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ལ་ཕན་འབྲས་ཆེ་བ་འདོན་སྤྲོད་བྱས་ནས་འཆམ་མཐུན་གནས་འཕྲོད་ལ་སྐུལ་འདེད་གཏང་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་དང་། རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་ཚན་རིག་དང་མཐུན་པར་གཤམ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་དགོས།
(གཅིག)སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་དང་། རླངས་འཁོར་འཇོག་ས། འགྲིམ་འགྲུལ་མཚོན་རྟགས་ཀྱི་ལམ་ཐིག། བརྡ་སྒྲོན་སོགས་འགྲིམ་འགྲུལ་སྒྲིག་བཀོད།
(གཉིས།)འཕྲུལ་བསྐོར་འཁོར་ལོ་མིན་པའི་འགྲོ་ལམ་དང་། མི་འགྲོ་ལམ། ཁྲོམ་ལམ་བརྒྱུད་པའི་བགྲོད་ལམ། གློག་གསོག་ཀ་ཕུར། སྔོ་འགྱུར་གློག་སྒྲོན་སོགས་གྲོང་ཁྱེར་གྱི་སྒྲིག་བཀོད།
(གསུམ།)ཚོང་ར་དང་། སྒོ་རྩིས་ཚོང་ཁང་། ཞིང་ཟོག་ཚོང་ར་སོགས་གཉེར་སྐྱོང་བྱེད་སའི་ཞབས་ཞུའི་སྒྲིག་བཀོད།
(བཞི།)སྤྱི་པའི་གསང་སྤྱོད་ཁང་དང་། གད་སྙིགས་རིགས་དབྱེ་བླུགས་སྒམ། དེ་བཞིན་གད་སྙིགས་བཙོག་ཆུ་བསྡུ་རུབ་གཙང་སེལ་སོགས་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་རིགས།
(ལྔ།)དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། རིག་གནས་ཁང་། གློག་བརྙན་ཟློས་གར་ཁང་། ལུས་རྩལ་ར་བ(ཁང་)སོགས་སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་བཀོད།
(དྲུག)རིག་གནས་དང་ཡུལ་སྐོར་ས་ཚུགས་དང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཞབས་ཞུ་ཁུལ། ཡུལ་སྐོར་གསང་སྤྱོད་ཁང་སོགས་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད།
(བདུན།)གླིང་ག་དང་ཐང་ཆེན་སོགས་ཀྱི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་རིགས།
(བརྒྱད།)སྤྱི་པའི་དྲིལ་བསྒྲགས་འཆར་ཡོལ་(གསལ་བྱང་)སོགས་སྤྱི་ཕན་དྲིལ་བསྒྲགས་ཀྱི་སྒྲིག་བཀོད།
(དགུ།)ལོང་ལམ་དང་། བདེར་བགྲོད་སྦྲེལ་ལམ། ཐད་འཕར་གློག་སྐས་སོགས་བཀག་མེད་སྒྲིག་བཀོད་རིགས།
(བཅུ།)བགྲོད་ལམ་དང་། གཞིས་ཁུལ། ཁང་བརྩེགས། སྒོ་བྱང་སོགས་གནས་སྟོན་སྒྲིག་བཀོད།
(བཅུ་གཅིག)ཡ་རབས་སྤྱོད་ཚུལ་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཡོད་པའི་སྒྲིག་བཀོད་གཞན་དག་བཅས་ཡིན།
གནམ་གྲུ་ཐང་དང་། རླངས་འཁོར་འབབ་ཚུགས། སྲིད་དོན་ཚོམས་ཆེན། སྨན་བཅོས་ལས་ཁུངས། ཚོང་ར་ཆེ་གྲས། ཡུལ་སྐོར་ལྗོངས་ཁུལ་སོགས་སྤྱི་པའི་འདུ་གནས་སུ་གཏན་འབེབས་ལྟར་མ་བུའི་སྡོད་ཁང་བཙུགས་པ་དང་། བཀག་མེད་བགྲོད་ལམ་དང་། བཀག་མེད་གཙང་སྦྲ་ཁང་དང་། བཀག་མེད་གསང་སྤྱོད་ཁང་སོགས་སྟབས་བདེའི་སྒྲིག་བཀོད་སྒྲིག་སྦྱོར་བྱ་དགོས།
དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)གི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་ཡ་རབས་སྤྱོད་ཚུལ་སྐུལ་སྤེལ་གཏོང་བའི་ལས་ཀ་བསྒྲུབ་དགོས་པ་སྟེ།
(གཅིག)གྲོང་ཁྱེར་དོ་དམ་སྡེ་ཁག་གིས་གྲོང་ཁྱེར་གྱི་ཕྱི་རྣམ་མཛེས་ཉམས་དང་ཁོར་ཡུག་གི་སྒྲིག་ལམ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོར་ཡུག་འཕྲོད་བསྟེན་དང་། སྤྱི་པའི་སྒྲིག་བཀོད། སྐྱེད་ཚལ་ལྗང་འགྱུར་བཅས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཀག་འགོག་དང་ཞིབ་བཤེར་ཆད་གཅོད་བྱེད་ཅིང་། གྲོང་ཁྱེར་གྱི་ཕྱི་རྣམ་དང་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲིའི་ལམ་ལུགས་དོན་ཐོག་འཁྱོལ་ཚུལ་ལ་ལྟ་སྐུལ་བྱས་ཏེ་གྲོང་ཁྱེར་གྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏང་རྒྱུ།
(གཉིས།)འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་གིས་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱ་རྒྱུར་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ། དོ་དམ་བཅས་བྱ་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་ཁུལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་གཅིག་ཏུ་བསྡུས་ཏེ་ཡིད་རྟོན་ཆ་འཕྲིན་བཀོལ་བར་སྐུལ་འདེད་དང་། ཁ་དན་ཚིག་གནས་ཀྱི་མཉམ་འབྲེལ་བརྩོན་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་འདུ་ཤེས་དང་ཡིད་རྟོན་ཆུ་ཚད་མཐོ་རུ་གཏང་རྒྱུར་བསྐུལ་དགོས།
(གསུམ།)ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་རའི་གཉེར་སྐྱོང་གི་སྒྲིག་ལམ་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་རྩད་ཆད་གཅོད་བྱས་ཏེ། ཚོང་རའི་བྱེད་པོས་ཡ་རབས་དང་ཁ་དན་ཚིག་གནས་ངང་གཉེར་སྐྱོང་བྱེད་པར་སྐུལ་ཁྲིད་བྱ་དགོས།
(བཞི།)སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་དེ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་ནང་དོན་དུ་བཞག་སྟེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་ཡ་རབས་མཉམ་སྐྲུན་བྱེད་སྒོ་སྤེལ་བ་དང་། དགེ་རྒན་གྱི་ཀུན་སྤྱོད་ཡོན་ཚད་ཇེ་ཆེར་གཏོང་ཞིང་། སློབ་མའི་རང་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་ཐུབ་ཚོད་བརྙས་བཅོས་སྔོན་འགོག་དང་བཅོས་སྐྱོང་བྱས་ཏེ་ཉེན་མེད་དང་། ཡ་རབས། སྐྱོན་བྲལ་བཅས་ཀྱི་མི་སྐྱོང་ཁོར་ཡུག་བསྐྲུན་དགོས།
(ལྔ།)རིག་གནས་ཡུལ་སྐོར་སྡེ་ཁག་གིས་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་དོ་དམ་ཤུགས་ཆེར་བཏང་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་གཉེར་སྐྱོང་པ་དང་ལས་གཉེར་མི་སྣའི་གཉེར་སྐྱོང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་བཟོས་ནས་ཡ་རབས་ཀྱི་ཡུལ་སྐོར་ཞབས་ཞུར་སྐུལ་འདེད་གཏང་དགོས།
(དྲུག)ཞིང་འབྲོག་ཞིང་སྡེ་དང་ནགས་རྩྭ་སོགས་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཅའ་ཁྲིམས་དང་ཁྲིམས་སྲོལ། འབྲེལ་ཡོད་ཤེས་བྱ་བཅས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བསྲུངས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱ་དགོས།
(བདུན།)མི་རིགས་ཆོས་ལུགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དེ་སློབ་གསོ་སློབ་ཁྲིད་དང་། གྲོང་སྲོལ་དམངས་ཆིངས། དེ་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་ལམ་ལུགས་ནང་བཞག་སྟེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་བྱེད་སྒོ་བསྡུས་ཤིང་སྤེལ་ཏེ་མི་རིགས་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏང་དགོས།
(བརྒྱད།)ལས་རིགས་ཀྱི་ཞབས་ཞུའི་རྩ་འཛུགས་དང་དམངས་འབྲེལ་ཞབས་ཞུ་ལས་ཁུངས་ཀྱིས་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་དེ་ལས་རིགས་ཚད་ལྡན་གྱི་བླང་བྱ་དང་ལས་གནས་ཟབ་སྦྱོང་གི་ནང་དོན་ནང་བཞག་སྟེ། ལས་སྒྲུབ་མི་སྣར་སྐད་ཆ་ཡ་རབས་དང་བྱ་སྤྱོད་ཚད་ལྡན་ཡོང་བར་སློབ་གསོ་དང་སྐུལ་འདེད་གཏང་དགོས།
(དགུ།)གསར་འགྱུར་ལས་ཁུངས་དང་། འབྲེལ་ཡོད་སྡེ་ཁག་གིས་འཕྲིན་སྦྱོར་ལས་སྟེགས་སྣ་ཚོགས་སྤྱད་དེ་ཡ་རབས་སྤྱོད་ཚུལ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་སྤྱི་ཕན་འགྲེམ་བརྡ་འགོད་ཅིང་གཏོང་བ་དང་། བྱ་སྤྱོད་མ་རབས་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱ་རྒྱུར་ཤུགས་བརྒྱབ་ནས་བྱ་སྤྱོད་མ་རབས་ཁྲིམས་ལྟར་དམར་རྗེན་དུ་འདོན་པ་དང་སྐྱོན་བརྗོད་བྱ་དགོས།
(བཅུ།)སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་། ཁྲོམ་ལམ་དང་། ཐང་ཆེན། སྤྱི་ཁུལ། གླིང་ག། ལྗོངས་ཁུལ་ལྗོངས་གནས་སོགས་སྤྱི་པའི་འདུ་གནས་སུ་གཏན་འབེབས་ལྟར་ཡ་རབས་སྤྱོད་ཚུལ་གྱི་སྤྱི་ཕན་འགྲེམ་བརྡ་བཀོད་དེ་ཡ་རབས་སྤྱོད་ཚུལ་དྲིལ་བསྒྲགས་བྱ་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དང་། སྨན་བཅོས་ལས་ཁུངས། དངུལ་རྩའི་ལས་ཁུངས། སྤྱི་པའི་ཞབས་ཞུའི་ཁེ་ལས་སོགས་ཀྱིས་ལས་ཀ་སྒྲུབ་རིམ་འཐུས་ཚང་དུ་གཏོང་བ་དང་། ལས་ཀ་སྒྲུབ་རིམ་སྟབས་བདེར་གཏོང་བ། དྲྭ་ཐོག་ནས་ཁ་ཆད་དང་དྲྭ་ཐོག་ནས་སྒྲུབ་པ་སོགས་ཆ་འཕྲིན་ཅན་དང་། རིག་ནུས་ཅན། དན་གྲངས་ཆེན་པོ་བཅས་ཀྱི་ལག་རྩལ་བཀོལ་བར་བསྐུལ་ནས་སྟབས་བདེ་དང་ལས་ཕྱོད་ཆེ་བའི་ཞབས་ཞུ་འདོན་སྤྲོད་བྱ་དགོས།
དོན་ཚན་ཉེར་དགུ་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་དམངས་དང་། ཁྲིམས་མི། སྤྱི་ཚོགས་རྩ་འཛུགས་བཅས་རང་འདུན་ཞབས་ཞུའི་བྱེད་སྒོར་ཞུགས་པ་དང་རང་འགུལ་གྱིས་ཁྲིམས་ལྟར་བྱེད་སྒོ་སྤེལ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས།
རྫོང་(གྲོང་ཁྱེར)དང་། ཡུལ་ཤོག་གྲོང་རྡལ་(ཁྲོམ་ལམ་)གྲོང་སྡེ།(སྤྱི་ཁུལ)བཅས་ཀྱིས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་སྣ་ཚོགས་བསྡུས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། ཁང་། ས་ཚུགས་བཅས་འཛུགས་རྒྱ་ཆེ་རུ་གཏོང་ཞིང་། ཡ་རབས་སྤྱོད་ཚུལ་དང་རང་འདུན་ཞབས་ཞུའི་ཐོ་འགོད་ལམ་ལུགས་འཛུགས་པ་དང་། ཡ་རབས་སྤྱོད་ཚུལ་དང་རང་འདུན་ཞབས་ཞུའི་སྐར་གསོག་ལམ་ལུགས་ཀྱི་དོ་དམ་ལག་ལེན་བསྟར་དགོས།
དོན་ཚན་སུམ་ཅུ་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་སྤྱི་ཕན་དགེ་སྒྲུབ་བྱེད་སྒོར་ཞུགས་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས་པ་དང་། སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་དང་གཞན་ཕན་གྱི་བྱེད་སྒོ་སྤེལ་བའི་ཁྲིམས་མཐུན་ཁེ་དབང་བཅའ་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས།
དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར་)མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བྱ་སྤྱོད་མ་རབས་ཐེར་འདོན་གོང་ཞུ་དང་། ཞུ་གཏུག། ཞིབ་བཤེར་ཐག་གཅོད་བཅས་བྱེད་པའི་ལམ་ལུགས་འཛུགས་པ་དང་། ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས་དང་ཡིག་སྒམ་སོགས་ཁྱབ་བསྒྲགས་བྱས་ནས་དུས་ཐོག་ཏུ་བྱ་སྤྱོད་མ་རབས་བདག་སྤྲོད་དང་ཞིབ་བཤེར་ཆད་གཅོད་བྱ་དགོས། ཐེར་འདོན་གོང་ཞུ་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་སོགས་གསང་དགོས།
ལས་ཁུངས་དང་མི་སྒེར་སུ་ཞིག་ཡིན་རུང་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀར་བསམ་འཆར་དང་གྲོས་འགོ་འདོན་དབང་ཡོད་པ་དང་། བྱ་སྤྱོད་མ་རབས་ལ་བཀག་སྡོམ་བསླབ་བྱ་བྱ་ཆོག་ལ། ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀའི་འགན་འཁྲི་མི་སྒྲུབ་པའམ་བཀག་སྡོམ་བསླབ་བྱ་མི་ཉན་པའི་གནས་ཚུལ་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱ་ཆོག།
ལེའུ་བཞི་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།
དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་བྱ་སྤྱོད་མ་རབས་སྒྲུབ་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་སྐོར་གྱི་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས། བཅའ་ཁྲིམས་ཀྱི་འགན་འཁྲི་སྐོར་གཏན་འབེབས་བྱས་མེད་པའི་རིགས་ལ་འབྲེལ་ཡོད་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་བྱ་སྤྱོད་སྒྲུབ་མཁན་ལ་སློབ་གསོ་གཏང་དགོས།
དོན་ཚན་སོ་གསུམ་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཡ་རབས་སྤྱོད་ཚུལ་སྐུལ་སྤེལ་གཏོང་བའི་ལས་ཀའི་ནང་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་ཚེ་དབང་ཆ་ཡོད་པའི་ལས་ཁུངས་ཀྱིས་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅད་དགོས།
ལེའུ་ལྔ་པ། ཞར་བྱུང་དོན་ཚན་གྱི་སྐོར།
དོན་ཚན་སོ་བཞི་པ། སྲོལ་ཡིག་འདི༢༠༢༤ལོའི་ཟླ་བ༣པའི་ཚེས༥ཉིན་ནས་ལག་ལེན་བསྟར་དགོས།
