国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






༄༅། །སྐད་ཡིག་སློབ་ཁྲིད་ཁྲོད་ནས་སློབ་མའི་གོ་བ་ལེན་ནུས་གསོ་སྐྱོང་བྱེད་ཐབས།

ནང་དོན་གནད་བསྡུས། གོ་བ་ལེན་ནུས་ཞེས་པ་ནི་སྐད་ཆ་བེད་སྤྱོད་བྱེད་ནུས་དང་མཛེས་དཔྱོད་གསར་སྐྲུན་བྱེད་ནུས་ཀྱི་རྨང་གཞི་ཡིན། སློབ་མའི་གོ་བ་ལེན་ནུས་གསོ་སྐྱོང་བྱེད་པ་ནི་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཚད་གཙོ་བོ་ཞིག་རེད། ལྟ་ཀློག་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དགེ་རྒན་གྱིས་མིང་བརྡ་གཙོ་བོ་དང་ཡིག་ཆའི་བརྩེ་དུང་གཉིས་ནས་སློབ་མའི་གོ་བ་ལེན་ནུས་གསོ་སྐྱོང་བྱས་ཏེ། སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་གཏང་དགོས།

གནད་ཚིག།  གོ་བ་ལེན་ནུས། སྐད་ཡིག།  མིང་བརྡ།

རྒྱལ་ཡོངས་གཅིག་གྱུར་གྱི་བོད་སྐད་ཡིག་སློབ་དེབ་ཁྲོད་དུ་གནའ་དེང་གི་རྩོམ་ཡིག་མང་པོ་བསྡུས་ཡོད། དེ་དག་ནི་སྤྱིའི་ཆ་ནས་ཚིག་གི་ཁ་གསལ་ལ་དོན་གྱི་གནད་ཟིན་པའི་ལེགས་རྩོམ་རྐྱང་རྐྱང་རེད། དེ་དག་ལ་སློབ་སྦྱོང་ཡག་པོ་བྱེད་ཚེ་སློབ་མའི་བོད་སྐད་ཡིག་གི་གོ་བ་ལེན་ནུས་ཆེ་རུ་གཏོང་བར་ཕན་ནུས་ཆེན་པོ་ལྡན། སྐད་ཡིག་དགེ་རྒན་ཚོས་སློབ་མའི་སྐད་ཡིག་གི་གོ་བ་ལེན་ནུས་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་ཀྱང་། དེའི་སྐོར་གྱི་གོ་ཆོད་པའི་ཐབས་ཤེས་ལ་བྱང་ཆུབ་མཁན་ཉུང་བས། སྤྱིའི་ཆ་ནས་སློབ་མ་ཚོའི་སྐད་ཡིག་གི་གོ་བ་ལེན་ནུས་ད་དུང་ཇེ་ལེགས་སུ་གཏོང་ཐུབ་ཀྱི་མེད། དེ་ལ་སྐད་ཡིག་དགེ་རྒན་ཚོས་སྤྱིར་བཏང་དུ་མིང་བརྡ་གཙོ་བོ་དང་ཡིག་ཆའི་བརྩེ་དུང་གཉིས་ནས་སློབ་མའི་གོ་བ་ལེན་ནུས་གསོ་སྐྱོང་བྱེད་ཆོག།

གཅིག།  མིང་བརྡ་གཙོ་བོ།

མིང་བརྡ་གཙོ་བོ་ཞེས་པ་ནི་བརྗོད་བྱ་ཆ་ཚང་ཞིག་གི་དོན་སྟོན་པའི་མིང་བརྡ་གཙོ་བོ་སྟེ། མིང་བརྡ་དེ་ངོས་འཛིན་ཡག་པོ་བྱུང་ན་དོན་ཡང་ལེགས་པར་རྟོགས་ནུས། འདི་ནི་སྙན་ངག་གི་རྒྱན་གྱི་ནང་དུ་རྟག་ཏུ་འབྱུང་བ་ཞིག་རེད། དཔེར་ན་རང་བཞིན་བརྗོད་པའི་རྒྱན་གྱི་མཚན་ཉིད་ལ་རྩ་བར་ཚིག་རྐང་གཉིས་ཡོད། དེ་ཚུར་བསྡུས་ན་ཇི་མ་ཇི་བཞིན་ཞེས་པའི་ཡིག་འབྲུ་བཞི་ལས་མ་ལས། ཇི་མ་ཇི་བཞིན་ཡིན་ན་མཚུངས་གསལ་གྱི་སྒྲ་ཡོད་མི་རུང་ལ། དེ་བཞིན་འུད་བསྟོད་དང་སྒྲོ་བསྐུར་སོགས་དོན་དངོས་དང་འགལ་བའི་རིགས་ཅི་ཡང་ཡོད་མི་རུང་། དཔེར་ན་རིགས་རང་བཞིན་བརྗོད་པའི་རྩ་བའི་མཚན་གཞི་ལ་ནེ་ཙོའི་རང་བཞིན་བརྗོད་པར་མཆུ་དམར་ལ་གུག་པ། གཤོག་པ་ལྗང་ལ་མཉེན་པ། མགྲིན་པར་ཁ་དོག་གསུམ་ལྡན་པ། ཚིག་སྨྲ་ཤེས་པ་ཡིན། དེ་ལྟར་ཇི་མ་ཇི་བཞིན་དུ་བཤད་པ་ནི་རང་བཞིན་བརྗོད་པའི་རྒྱན་ཡིན། རང་བཞིན་བརྗོད་པའི་རྒྱན་ནི་ཇི་མ་ཇི་བཞིན་ཞེས་པའི་མིང་བརྡ་འདི་ངེས་ན་ཁོང་དུ་ཆུད་སླའོ།།

རང་བཞིན་བརྗོད་པའི་རྒྱན་ལས་དེ་མིན་རྒྱན་གཞན་དག་ལ་ཡང་མིང་བརྡ་གཙོ་བོ་ངོས་འཛིན་བྱས་པས་ཆོག།  དཔེར་ན་ཆོས་དཔེ་དང་དངོས་དཔེའི་ཁྱད་པར་འབྱེད་དུས་ཁྱད་ཆོས་ཡོད་མེད་ལ་བརྟག་པས་ཆོག། དེ་བས་འདིའི་སྐབས་སུ་ཁྱད་ཆོས་ཞེས་པའི་མིང་བརྡ་གཙོ་བོ་འཛིན་དགོས། ཕུལ་བྱུང་གི་དཔེ་ལ་རྟེན་གནས་དང་། རྨད་བྱུང་གི་དཔེ་ལ་བརྟགས་པ་མཐའ་བཟུང་། རྨོངས་པའི་དཔེ་ལ་འཁྲུལ་བ་དང་ཐེ་ཚོམ་གྱི་དཔེ་ལ་དོགས་པ་སོགས་མདོར་ན་སྙན་ངག་གི་རྒྱན་ལ་མིང་བརྡ་གཙོ་བོ་འཛིན་རྒྱུ་གལ་ཤིན་ཏུ་ཆེ། དེ་ནི་རྒྱན་ངོས་འཛིན་པའི་མིག་ལྟ་བུ་ཡིན་ནོ།།

གཉིས། ཡིག་ཆའི་བརྩེ་དུང་།

ཡིག་ཆའི་བརྩེ་དུང་ཞེས་པ་ནི་རྩོམ་གང་ཞིག་གི་ནང་དོན་སྙིང་པོའམ་བརྗོད་བྱ་གཙོ་བོ་དེ་ལ་གོ་བ་ཡིན། དེ་ལ་སྤྱིར་བཏང་དུ་རྩོམ་པ་པོས་བརྗོད་པར་འདོད་པའི་བསམ་བློ་དང་། དེ་མིན་གཞན་གྱིས་འགྲེལ་བ་བྱས་ནས་སྦྱར་བའི་ཆ་ཡང་ཡོད། དེ་བས་རྩ་བའི་ཆ་ནས་རྩོམ་པ་པོ་ཁོ་ནའི་བསམ་བློ་ཡིན་པའི་ངེས་པ་མེད། ཡིན་ཡང་སློབ་ཁྲིད་སྐབས་སུ་དེ་ནི་ཡོངས་སུ་རྩོམ་པ་པོའི་བསམ་བློ་ཡིན་པར་བཤད།

ཡིག་ཆའི་བརྩེ་དུང་ལ་གོ་བར་ལེན་པར་ཚིག་ངོས་ཀྱི་གོ་བ་དང་ཤུགས་བསྟན་གྱི་གོ་བ་གཉིས་ཡོད། དེ་ནི་དཔེར་ན《རྡོ་ཕ་བོང་ཞིག་གི་ཡོན་ཏན》ཞེས་པའི་རྩོམ་ཡིག་ཏུ། རྩོམ་པ་པོས་རྡོ་ཕ་བོང་གི་གནས་སའི་ཡུལ་མི་འདྲ་བ་ནས་རིན་ཐང་མི་འདྲ་བ་མངོན་ཚུལ་བཤད་ཡོད། དེ་ནི་གྲམ་པར་ཡོད་དུས་རྐང་རྟེན་དང་། བཤམས་སྟོན་ཁང་དུ་ཡོད་དུས་གཏེར་རྡོ་རིན་ཐང་ཅན་དུ་གྱུར་ཡོད། དེ་ནི་ཚིག་ངོས་ཀྱི་གོ་བ་རེད། ཤུགས་ནས་བསྟན་པའི་གོ་བ་ལ་སྤྱིར་བཏང་དུ་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་དང་རིན་ཐང་ལྟ་ཚུལ་མི་འདྲ་བ་ལས་བྱུང་བའི་གནད་དོན་ཞིག་བཤད་ཡོད། དེ་ནི་བསླབ་གཞི་སྒྲིག་མཁན་གྱིས་འགྲེལ་བཤད་བྱས་ནས་སྦྱར་བའི་ཤུགས་བསྟན་རེད། རྩོམ་པ་པོའི་བསམ་བློ་དངོས་ཡིན་མིན་མི་ཤེས། དེས་ན་འདི་ནས་ཧ་ཅང་གལ་ཆེ་བའི་གནད་ཅིག་ནི་ཤུགས་ནས་བསྟན་པའི་གོ་བ་དེ་ལ་ངོས་འཛིན་ཇི་ལྟར་བྱ་དགོས་པ་དེ་རེད།

སྤྱིར་བཏང་དུ་བྱ་དངོས་གང་དང་གང་ཡིན་ཡང་། དེའི་ཕྱི་ཚུལ་ནི་རང་བཞིན་བརྗོད་པ་ལྟར་ཀུན་གྱི་མཐོང་ལམ་དུ་གཅིག་གྱུར་ཡིན་ཆོག། ཡིན་ཡང་དེའི་ཤུགས་ཀྱི་གོ་བ་ནི་གཅིག་ཡིན་པའི་ངེས་པ་མེད། བསླབ་གཞིའི་ཁྲོད་དུ་བཤད་པའི་ཤུགས་ཀྱི་གོ་བ་ནི་རྩོམ་སྒྲིག་པའི་ཉམས་མྱོང་དང་བག་ཆགས་ཀྱིས་འགྲེལ་བ་བྱས་པ་ཞིག་ཡིན་པས་མཐའ་གཅིག་ཏུ་ཡང་དག་པ་དང་བདེན་པའི་ངེས་པ་མེད།  དེ་ནི་གནས་སྐབས་ཀྱི་རྒྱུག་ཆེ་བའི་འགྲེལ་བཤད་ཙམ་རེད། སྐད་ཡིག་སློབ་ཁྲིད་སྐབས་སུ་ཡིག་ཆའི་ཁྲོད་ཀྱི་ཤུགས་ཀྱི་བརྩེ་དུང་ནི་སློབ་མ་ཚོས་རང་གི་འདོད་པ་ལྟར་ཇི་དགར་བཤད་ཆོག་ལ། གཅིག་གྱུར་གྱི་དྲིས་ལན་ཡང་དག་པ་ཞིག་ཡོད་མི་སྲིད། དེ་ཡང་བོད་པའི་ཁ་དཔེ་ལ་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པ་བཞིན། སློབ་མ་ཚོས་རང་གི་ཉམས་མྱོང་དང་འབྲེལ་ནས་བཤད་ན་གཅིག་ནས་འཚོ་བའི་འདུ་ཤེས་དང་གོ་རྟོགས་ཡོང་བར་ཕན་ལ། གཉིས་ནས་སློབ་མའི་བསམ་གཞིག་གི་ནུས་པར་བཀག་རྒྱ་མི་ཐེབས་པ་དང་། ལག་གང་ཞིག་གི་སྒྲིག་ཏུ་མི་ཚུད་པར་སྒེར་ཚུགས་ཀྱིས་བསམ་བློ་གཏོང་ཐུབ་པར་ཕན་པ་བླ་ལྷག་ཏུ་ཆེ། དེ་ལྟ་བུའི་ཕན་པ་ནི་མ་འོངས་པར་བསླབ་གནས་མཐོན་པོའི་ཞིབ་འཇུག་དང་སྤྱི་ཚོགས་ལས་རིགས་ཀྱི་བྱ་བར་ཞུགས་དུས་མངོན་གསལ་གྱིས་ཕན་པ་ཆེན་པོ་ཡོང་།

རྩོམ་ཡིག་ཁྲོད་ཀྱི་ཤུགས་ཀྱི་བརྩེ་དུང་ངམ་ཤུགས་ཀྱི་བསྟན་དོན་ལ་གོ་བར་ལེན་པར། དགེ་རྒན་གྱིས་སློབ་མ་ལ་མ་མཐའ་ཡང་མཐུན་རྐྱེན་གཉིས་སྦྱར་དགོས། གཅིག་ནས་སློབ་མར་གུ་ཡངས་པའི་རྣམ་འགྱུར་འཛིན་དགོས། སློབ་མ་ནི་བྱིས་པ་ཡིན་པའི་རང་གཤིས་ལ་བརྩི་འཇོག་དང་། དེའི་རྣམ་དག་གི་བྱིས་བློ་ལ་བརྩི་འཇོག་བྱ་དགོས། སྐད་ཆ་ཅི་དང་གང་ཡིན་ཡང་བཤད་དུ་འཇུག་པ་དང་། སློབ་མའི་བསམ་ཚུལ་དང་གོ་བ་ལེན་ཚུལ་ལ་བློ་རྣལ་དུ་ཕབས་ནས་བསམ་ཤེས་བྱ་དགོས། གཉིས་ནས་སློབ་མའི་བསམ་བློར་བརྩི་བཀུར་བྱ་དགོས། སློབ་མའི་བསམ་བློ་ནི་གང་གི་བག་ཆགས་དང་འབྲེལ་བ་ཡོད་ཁོ་ཐག་ཡིན། བག་ཆགས་ནི་བསམ་བློའི་འཁོར་ཕྱོགས་དང་བག་ལ་ཉལ་བའི་བསམ་བློ་ཡིན་པས། དེ་ནི་སློབ་མ་གང་ཞིག་གི་མཐར་ཐུག་ནི་རིན་ཐང་ལྟ་བ་ཡང་ཡིན་། དེ་ལ་བརྩི་འཇོག་བྱས་ན་སློབ་མས་རང་གི་རིན་ཐང་མངོན་པ་ཡིན་པས་སློབ་སྦྱོང་གི་སྤྲོ་སྣང་ཆེས་ཆེར་འཕེལ་བ་དང་། སློབ་སྦྱོང་གི་རྩལ་ནུས་ལ་ཡང་སྦྱོང་བརྡར་ཡག་པོ་བྱེད་ཐུབ།

སྐད་ཡིག་སློབ་ཁྲིད་ཁྲོད་སློབ་མའི་གོ་བ་ལེན་ནུས་གསོ་སྐྱོང་བྱེད་པ་ནི་སློབ་མའི་རིག་ལམ་སྐྱོང་བའི་གོ་རིམ་གལ་ཆེན་ཞིག་ཡིན། དེ་འཕེལ་རྒྱས་གཏོང་བར་གཏན་འཇགས་རང་བཞིན་གྱི་མིང་བརྡ་གཙོ་བོ་འཛིན་པ་དང་། དེ་ལ་བརྟེན་ནས་མཚན་ཉིད་དང་མཚན་གཞི་ངོས་འཛིན་དང་ཕན་ཚུན་གྱི་ཁྱད་པར་འབྱེད་དགོས། དེ་མིན་གཞན་ཡིག་ཆའི་བརྩེ་དུང་ལ་གོ་བ་ལེན་པའི་ནུས་པ་སྦྱང་དགོས། ཡིག་ཆའི་བརྩེ་དུང་ནི་གོང་གི་གཏན་འཇགས་རང་བཞིན་དང་མི་འདྲ་བར་རང་འགུལ་རང་བཞིན་ཆེས་ཆེར་ལྡན་པས། དེ་ལ་གཙོ་བོ་དགེ་རྒན་གྱིས་གུ་ཡངས་དང་། བཟོད་སྒོམ་དང་། བརྩི་བཀུར་ལྡན་པའི་སློབ་ཁྲིད་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཤིན་ཏུ་ཆེའོ།།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་། ཀྲའོ་ཏི།

甘孜藏族自治州康南民族高级中学 招弟