国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ།

( པར་ངོས་དང་པོར་མཐུད།)

ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་རེད་ལ། སྐབས་འདིའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོ་དེ་ཡང་རེད། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱི་རོལ་གྱི་གནོན་ཤུགས་ཐེག་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པས། ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་བརྟན་པོའི་ངང་དུམ་མཚམས་བསྒྱུར་བ་དང་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་གོམ་པ་བརྟན་པོ་སྤོས་ཡོད།

ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ལོ་གཅིག་རིང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་པ་སྟེ། གཅིག་ནས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་ལེགས་སུ་རྒྱུན་མཐུད་འགྲོ་བར་སྐུལ་འདེད་བཏང་བ་དང་། གཉིས་ནས་གསར་གཏོད་ལ་བརྟེན་ཏེ་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་བཏང་བ། གསུམ་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་བཏང་བ། བཞི་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་བ། ལྔ་ནས་དམངས་འཚོ་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དྲུག་ནས་སྲིད་གཞུང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེན་བཏང་ཡོད། ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག། ང་ཚོས་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་པོར་མཐོང་ཐུབ་པ་བྱེད་དགོས། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཐད་ཀར་ཕྱོགས་པ་དང་སེམས་ནུས་ཡོད་རྒུས་ལས་དོན་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།

ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར5%ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1200ཡན་གསར་དུ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5.5%ཡས་མས་ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང3%ཡས་མས་འཕར་བ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཅིག་མཚུངས་ཡོང་བ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ཟིན་པ། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན2.5%ཡས་མས་ཆག་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བཅས་བྱེད་དགོས།

ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ང་ཚོས་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱེད་དགོས། འདི་ལོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གདེང་ཚོད་དང་ཤུགས་ཚད་དེ་བས་ཆེ་བའི་སྒོ་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ། ནུས་ལྡན་གྱི་ཁྲོམ་ར་དང་ནུས་པ་ཆེ་བའི་སྲིད་གཞུང་དེ་བས་ཟུང་འབྲེལ་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་དང་ཆེ་རུ་རྒྱུན་མཐུད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

ལི་ཆང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འགལ་ཟླ་གཙོ་བོར་དམ་འཛིན་ལྷོད་མེད་དང་འཇུར་མིག་གི་ཚོད་འཛིན་ནུས་ཤུགས་ཡོད་རྒུས་བསལ་ནས། ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པ་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས་པ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་ཆེ་རུ་ཧུར་ཐག་བཏང་ནས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ལེགས་པོ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་པ་དང་སེལ་དགོས། རྒྱུན་སྲིང་ལྷོད་མེད་ངང“ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་ཤུགས་ཆེན་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས།

སྙན་སྒྲོན་ནང་ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་བཅས་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ་དང་དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་རྒྱས་བཤད་གནང་བ་རེད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་ནས་ཚོགས་ཆེན་ཐོག2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་དང་། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ལ་གསལ་བཤད་གནང་བ་རེད།།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)