国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་མ་མ་ལོ།

ཨ་མ་མ་ལོ་རིན་ཆེན་མི་ལུས་གནང་མཁན་ཡིན།།

ཨ་མ་མ་ལོ་བརྩེ་ཆེན་སྙིང་རྗེའི་རང་གཟུགས་ཡིན།།

ཨ་མ་མ་ལོ་བདེ་ཆེན་བསྐྲུན་པའི་གཞི་མ་ཡིན།།

ཨ་མ་མ་ལོ་དོན་ཆེན་སྒྲུབ་པའི་འཇོན་མ་ཡིན།།

ཨ་མ་མ་ལོའི་བརྩེ་བའི་ཕྱག་གིས་ང་རང་སྐྱོང་།།

ཨ་མ་མ་ལོའི་བྱམས་པའི་བློ་ཡིས་ང་རང་གཅེས།།

ཨ་མ་མ་ལོའི་དུང་བའི་སྤྱན་གྱིས་ང་རང་གཟིགས།།

ཨ་མ་མ་ལོའི་དྲིན་དེ་འཇལ་བར་དཀའ་ཚོད་གདའ།།

ཨ་མ་མ་ལོ་དོན་མེད་འགྲམ་ཆུ་ལྡང་མི་སྲིད།།

ཨ་མ་མ་ལོ་ཆོ་མེད་འཆལ་གཏམ་སྨྲ་མི་དགའ།།

ཨ་མ་མ་ལོ་དགོས་མེད་རྣམ་རྟོག་འཚུབ་མི་དཔེ།།

ཨ་མ་མ་ལོ་འདྲ་མེད་བུ་མོའི་རིགས་གཏོགས་མིན།།

ཨ་མ་མ་ལོ་གཡོ་མེད་སྐུ་ཡི་མངའ་བདག་ཡིན།།

ཨ་མ་མ་ལོ་འགག་མེད་གསུང་གི་དབང་ཕྱུག་ཡིན།།

ཨ་མ་མ་ལོ་སྒྲིབ་མེད་ཐུགས་ཀྱི་གཏེར་མཛོད་ཡིན།།

ཨ་མ་མ་ལོ་སྐྱོན་མེད་ལྷ་མོའི་རྣམ་འཕྲུལ་ཡིན།།

ཨ་མ་མ་ལོའི་བློ་ཁོག་ནམ་མཁའི་ཁྱོན་ལྟར་ཡངས།།

ཨ་མ་མ་ལོའི་ཕྱི་ཐག་གཙང་པོའི་རྒྱུན་བཞིན་རིང་།།

ཨ་མ་མ་ལོའི་གཞུང་རྒྱུད་ཉག་ཕྲན་མདའ་ལས་དྲང་།།

ཨ་མ་མ་ལོ་གངས་ཅན་བོད་ཀྱི་མཛངས་མ་ཡིན།།

ཨ་མ་མ་ལོར་གནོད་འཚེ་གདུག་རྩུབ་ཅི་ཡང་མེད།།

ཨ་མ་མ་ལོར་སྦྱོར་ངན་བྱ་སྤྱོད་ཡོངས་དང་བྲལ།།

ཨ་མ་མ་ལོ་མི་མཐུན་བསམ་ངན་ཀུན་གྱིས་དབེན།།

ཨ་མ་མ་མ་ལོ་ཡུམ་གཅིག་རྗེ་བཙུན་སྒྲོལ་མ་ཡིན།།

ཨ་མ་མ་ལོར་འདྲ་མཉམ་ལྟ་བའི་བསམ་བློ་ཡོད།།

ཨ་མ་མ་ལོར་འགྱུར་བ་མེད་པའི་དད་འདུན་ཡོད།།

ཨ་མ་མ་ལོར་རྒྱང་རིང་མཐོང་བའི་མིག་ཟུང་ཡོད།།

ཨ་མ་མ་ལོ་དེང་རབས་བུ་མོའི་མིག་དཔེ་འོས།།

ཨ་མ་མ་ལོ་དཀྱུས་མའི་ཁྱིམ་ནས་འཚར་བ་ཡི།།

ཨ་མ་མ་ལོ་དཀྱུས་མའི་མི་དང་མི་མཚུངས་པར།།

ཨ་མ་མ་ལོ་བཟང་དང་ཡོན་ཏན་ཀུན་བདོག་ཅིང་།།

ཨ་མ་མ་ལོ་བྱམས་དང་བརྩེ་བས་ཕྱུག་ན་ཡང་།།

ཨ་མ་མ་ལོ་རང་ལོ་ང་བརྒྱད་སླེབས་སྐབས་སུ།།

ཨ་མ་མ་ལོ་ལས་འཁྱུར་ངལ་གསོ་རན་སྐབས་སུ།།

ཨ་མ་མ་ལོ་སྐུ་ལུས་སོས་དལ་བཞུགས་མཚམས་སུ།།

ཨ་མ་མ་ལོ་འཇིག་རྟེན་འཁོར་བར་མ་གསོན་ཐལ།།

ཨ་མ་མ་ལོས་སྐྱེ་འཆིའི་གོ་རིམ་བརྒྱུད་སོང་ཐལ།།

ཨ་མ་མ་ལོས་ཕྱི་མའི་འཕྲང་རིམ་བརྒལ་སོང་ཐལ།།

ཨ་མ་མ་ལོས་ཚེ་འདིའི་ཞེན་ཆགས་བཅད་སོང་ཐལ།།

ཨ་མ་མ་ལོས་ངེད་ཅག་ཤུལ་དུ་བསྐྱུར་སོང་ཐལ།།

༼ འཇོ་མདའ་པདྨ། ༽