国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ལ་མཚོན་ན།

ང་ལ་མཚོན་ན།

སྙན་ངག་ནི།

རང་ཉིད་ངོ་ལ་བལྟ་སའི་མེ་ལོང་དང་།

ནང་སེམས་འཁྱག་དུས།

རྣམ་ཤེས་སྲོ་སའི་མེ་ཕུང་དང་།

སྨེང་བ་འཐིབ་དུས།

ཁེར་ལབ་བྱེད་སའི་སྡོད་ཁང་ཡིན།

དེ་བས་ང་ཡི་འཚོ་བའི་ཕྱི་ནང་དུ།

སྙན་ངག་ཡོད་པས།

རྨི་ལམ་འཐོར་ཞིག་ཏུ་གྱུར་བའི་ང་ཡི།

སྒྱུ་མའི་རི་དྭགས་ཀྱི་གཤར་ལམ་ངོགས་ནས།

རྣམ་ཤེས་ཀྱི་ཕྱི་ནང་གཉིས་སུ་གངས་རི་དང་།

རྩྭ་ཐང་གི་རི་མོ་བྲིས་ཏེ་རང་ཉིད་ལ་བཤམ་ཆོག།

ང་ལ་མཚོན་ན།

སྙན་ངག་ནི།

ཆོས་ཉིད་རྣལ་མར་བལྟ་སའི་ཡུལ་ལྗོངས་དང་།

སུ་ལའང་ཡིད་མི་ཆེས་དུས།

རྫུན་བཤད་མི་ཤེས་པའི་ནང་གྲོགས་དང་།

ཕྱི་ནང་མི་མཚུངས་པའི་འཇིག་རྟེན་ནས་

གསང་བ་བཤད་སའི་སྙིང་ཉེ་ཡིན།

དེ་བས་ང་ཡི་རྣམ་ཤེས་སྙན་ངག་གི་སྡོང་འགོར་

བབས་ཡོད།

ང་ཡི་རྨི་ལམ་སྙན་ངག་གི་སྡོང་འགོར་བཞད་ཡོད།

ང་ཡི་འཆི་བའང་སྙན་ངག་གི་དུར་ཁྲོད་དུ་སྦས་ཡོད།

ང་ལ་མཚོན་ན།

སྙན་ངག་ནི།

གྲོགས་པོ་ཟེར་བཞིན་ལྐོག་ནས་བསླུ་བའི་ངོ་

ཤེས་དེ་མིན།

ཟུར་ནས་ངོ་བསྟོད་དང་།

རྒྱང་ནས་ངན་སྨྲས་བྱེད་པའི་རོགས་པ་དེའང་མིན།

ནང་སེམས་སུ་དགུན་ཟླ་ཚེས་དུས་ཉི་མ་བཞིན་

སྲོ་ཆོག་སའི་མེ་ཕུང་དམར་པོ་དེ་ཡིན།

༼ ཐོར་བུ། ༽