སྤྱི་ཟླ3པའི་ཚེས8ནས11ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་ཆུ་དང་ལི་ཐང་། འདབ་པ། ཕྱག་ཕྲེང་། སྡེ་རོང་རྫོང་བཅས་སུ་ཕེབས་ནས་ཡུལ་དེ་གའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་། ཉེན་མེད་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས། ནགས་རྩྭ་མེ་ཟོན་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་འབྲེལ་མཐུད་དུད་ཚང་བཅས་ལ་འཚམས་འདྲི་གནང་བ་རེད།
ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ནས་དུས་རབས་གསར་པའི་ཏང་འཛུགས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀ་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས་མུ་མཐུད་དེ་གཙོ་དོན་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་དུ་གཏོང་བ། ཏང་འཛུགས་ཀྱིས་ཁྲིད་སྟོན་རྒྱུན་འཁྱོངས་དང་གཞི་རིམ་བཙན་རྫོང་བརྟན་དུ་གཏོང་ཞིང་། ཕྱར་བ་གྲུ་འདེགས་དང་རྡོག་རྩ་གཅིག་སྒྲིལ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྩ་འཛུགས་ཀྱི་འགན་སྲུང་སྲ་ཞིང་བརྟན་པ་འདོན་དགོས།
ས་གནས་རེར་སླེབས་དུས་ཧྲེན་དབྱང་གིས་གཞི་རིམ་ཏང་འཛུགས་གནས་ཚུལ་ངོ་སྤྲོད་བྱས་པར་གསན་འཇོག་ནན་ཏན་གནང་ཞིང་། ཏང་འཛུགས་ཁྲིད་སྟོན་དང་དཔལ་འབྱོར་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་། ཡུལ་སྡེ་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་གྲུབ་འབྲས་ཐོབ་པར་ཡུལ་དངོས་སུ་རྟོག་ཞིབ་གནང་བ་རེད།
རྟོག་ཞིབ་གནང་སྐབས་ཧྲེན་དབྱང་གིས་རྫོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་གཙོ་བོ་དང་སྙིང་གཏམ་བཤད་རེས་བྱས་ནས་ས་གནས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་ཀར་བླང་བྱ་དེ་བས་མཐོན་པོ་བཏོན་པ་རེད། ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་ནས་གཞི་རིམ་ལས་ཀ་དེ་བས་ཞིབ་ཚགས་དང་དེ་བས་སྲ་བརྟན་ཁག་ཐེག་བྱེད་པ། འགན་སེམས་ཆེན་པོས་ས་གནས་དེ་གའི་བདེ་འཇགས་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
རྟོག་ཞིབ་གནང་རིང་ཧྲེན་དབྱང་ད་དུང་འདབ་པ་རྫོང་གི་སྐར་ཐང་གྲོང་རྡལ་གྱི་འཁོར་སྐར་ལྟ་སའི་རྟེན་གཞི་དང་ཉི་སྟེན་གྲོང་སྡེའི་སྲོང་བཙན་ཡུལ་སྐོར་སྣེ་ལེན་གནས་ཚང་། ཤམ་བྷ་ལའི་དངོས་མང་བཤམས་སྟོན་ཁང་སོགས་སུ་ཕེབས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྣེ་ལེན་བཟོ་སྐྲུན་དང་རིག་གནས་ཡུལ་སྐོར་མཉམ་འབྲེལ་འཕེལ་རྒྱས་སོགས་ཀྱི་ལས་ཀའི་རྣམ་པར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།ཁུལ་མགོ་ཁྲིད་མ་ཁྲང་ཞི་དང་ཡོན་མིང་ཀོང་། ཙེང་ཀོན་ཧོ་སོགས་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་ཁག་བགོས་ནས་འབྲེལ་ཡོད་རྫོང་ལ་རྟོག་ཞིབ་ཕྱིན་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
