国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དང་བླངས་པ་བཅུའི་ནང་བདམས་པའི་ཕུར་བུ་ཚེ་རིང་གི་གནས་ཚུལ་རགས་བཀོད།

ཕུར་བུ་ཚེ་རིང་ནི་སེར་ཤུལ་རྫོང་འཇུ་སྒར་གྲོང་རྡལ་ནས་འཚར་ལོངས་བྱུང་བའི་ཁམས་པའི་ཕོ་རྒོད་ཅིག་ཡིན་ཞིང་།ད་ཆ་སེར་ཤུལ་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་ལས་རོགས་པ་ཡིན་ལ་ད་ལོ་ལོ37ལ་སླེབས། ཉེན་རྟོག་པའི་ལས་ཀར་ཞུགས་ནས་ལོ14སོང་བ་དང་།སྤྱི་ཕན་གྱི་ལས་ཀ་མང་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་པས་ཁོང་ལ་སེར་ཤུལ་མི་བཟང་དང་།དཀར་མཛེས་མི་བཟང་།གཞན་ཕན་སྒྲུབ་པར་དགའ་མཁན་སོགས་ཀྱི་གཟི་བརྗིད་མཚན་སྙན་གང་མང་ཐོབ།

2023ལོའི་སྤྱི་ཟླ11པར་ཁོང་ལ་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་དང་བླངས་པ་བརྒྱའི་གཟི་བརྗིད་མཚན་སྙན་ཐོབ་པས་མ་ཚད2023ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་དང་བླངས་པ་བཅུའི་ནང་བདམས་ཡོད།

རྒྱུད་ལ་གཞན་ཕན་ལྷག་ བསམ་འཁྲུངས།

ཕུར་བུ་ཚེ་རིང་ལ་གཅེན་མོ་གསུམ་ཡོད་ལ་ཨ་ཕ་སྔར་ནས་ཚེ་ལས་འདས་ཟིན་པས་ཨ་མ་གཅིག་པོས་ཁྱིམ་ཚང་སྐྱོང་བཞིན་ཡོད། འདི་འདྲའི་གནས་ཚུལ་གྱིས་རྐྱེན་པས་ཁོ་རང་ལོ་བཅུ་གཉིས་ཙམ་ལ་ད་གཟོད་སློབ་གྲྭར་སྐྱོད་པའི་གོ་སྐབས་ཐོབ། སློབ་གྲྭ་གྲོལ་རྗེས་ཁྱིམ་མཚེས་སློབ་གྲོགས་ཚོས་སྤོ་ལོ་རྩེ་བ་མཐོང་དུས་སེམས་སུ་རང་ལ་འདི་འདྲའི་སྤོ་ལོ་ཞིག་ཡོད་ན་ཅི་མ་རུང་སྙམ།ཨ་མས་ཁོ་བོའི་བསམ་ཚུལ་དང་རེ་སྨོན་ཤེས་ཏེ་གྲོང་ཁྲོམ་ནས་སྤོ་ལོ་ཞིག་ཉོས་ནས་ཁྱེར་ཡོང་།སྐབས་དེར། ཕུར་བུ་ཚེ་རིང་གི་སེམས་སུ་སྤྲོ་བས་ཁེངས་ཀྱང་བསམ་བློ་ཞིབ་མོར་གཏོང་དུས་འདི་ནི་ཨ་མས་རྔུལ་ཆུ་ལས་བསགས་པའི་སྒོར་མོ་ལས་བརྗེས་པ་ཡིན་པས་སེམས་སུ་སྐྱོ་སྣང་ཞིག་ཀྱང་སྐྱེས།

ལོ་འགའི་རྗེས་སུ། སེར་ཤུལ་རྫོང་དུ་གངས་སྐྱོན་བྱུང་ནས་མི་སེར་གྱི་འཚོ་བར་བར་ཆད་ཡོང་དུས་ཕུར་བུ་ཚེ་རིང་སེམས་ཁྲལ་བྱས་པ་ལས་བྱ་ཐབས་གཞན་མ་རྙེད།སྐབས་དེར།མི་མང་པོ་ཞིག་གིས་དངོས་རྫས་སོགས་ཁྱེར་ཏེ་འཚམས་འདྲིར་ཡོང་ནས་ཏང་དང་རྒྱལ་ཁབ་ཀྱིས་ཁྱོད་ཚོ་བསྐྱུར་མི་སྲིད་ཅེས་བཤད། སྐད་ཆ་དེ་ཐོས་མ་ཐག་ཕུར་བུ་ཚེ་རིང་གི་སེམས་ནང་དྲོ་སྐྱིད་ཀྱི་ཚོར་བས་ཁེངས་ཤིང་།འཚར་ལོངས་བྱུང་རྗེས་རང་ནུས་ཅི་ལྕོགས་ཀྱིས་གཞན་ཕན་གྱི་ལས་དོན་བསྒྲུབ་རྒྱུའི་སེམས་ཐག་བཅད།

ས་བོན་ཆུང་ཆུང་ལས་མེ་ཏོག་བཞད།

2010ལོར་ཕུར་བུ་ཚེ་རིང་ཉེན་རྟོག་ལས་རོགས་པ་ཞིག་ཏུ་གྱུར།སྐབས་དེར་ཁོའི་གླ་ཕོགས་ཟླ་རེར་སྒོར500ཡིན་པས་ཐེངས་དང་པོར་ཁྲེང་ཏུའུ་ལ་འགྲོ་དུས་ལུས་ལ་སྒོར700ཙམ་ལས་མེད། ཁོས་སྒོར་མོ་ཚང་མས་སྤོ་ལོ་དང་སློབ་སྦྱོང་ཡོ་བྱད་སོགས་ཉོས་ཡོད། མཚོ་འཕགས་སྨི4520ཟིན་པའི་ཕ་ཡུལ་དུ་ལོག་རྗེས་དེ་གའི་སློབ་གྲྭ་ཁག་གི་དཀའ་ངལ་ཡོད་པའི་སློབ་མ་ཚོར་བྱིན་ཡོད།

ཨ་མས་ཕུར་བུ་ཚེ་རིང་ལ་རང་ཉིད་ལ་གོས་ཡག་པོ་ཞིག་མི་ཉོས་པར་འདི་འདྲའི་སློབ་སྦྱོང་ཡོ་བྱད་མང་པོ་ཉོས་ནས་ཅི་བྱས་པ་ཡིན་ཞེས་འབྲི་དུས་ཕུར་བུ་ཚེ་རིང་འཛུལ་དམུལ་དམུལ་ངང་ནས། ཨ་མ་ལགས།ཁྱེད་ཀྱིས་ང་ལ་ཉོས་པའི་སྤོ་ལོ་དེ་ང་ད་ལྟའང་ཡིད་ལ་གསལ་པོར་དྲན་བཞིན་ཡོད།སྤོ་ལོ་དེས་ངའི་བྱིས་དུས་ཀྱི་འཚོ་བར་དྲོ་སྐྱིད་སྦྱིན་སོང་། ངས་ཁྱེད་ལ་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བཤད།

དུས་དེ་ནས་བཟུང་ཕུར་བུ་ཚེ་རིང་གིས་མི་ཧྲེང་རྒན་རྒོན་དང་།ཁྱིམ་ཚང་དབུལ་པོ།བྱིས་པ་དཀའ་ངལ་ཅན་སོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་པར་ཤུགས་ཡོད་རྒུ་བཏོན་ཡོད། 2018ལོའི་སྤྱི་ཟླ12པར་རྫ་སྟོད་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཐུབ་བསྟན་ཡེ་ཤེས་ལ་ནད་གཞི་ལྕི་པོ་ཕོག་ནས་སྨན་བཅོས་བྱེད་པའི་སྒོར་མོ་མེད་པའི་གནས་ཚུལ་དང་བསྟུན་ནས་སྤྱི་བདེ་ལས་རོགས་ཚོར་ཞལ་འདེབས་རྒྱག་རྒྱུའི་སྐུལ་སློང་བྱས་པ་དང་།གནས་ཚུལ་དེ་གྲོགས་ཚོགས་ལ་སྤེལ་ནས་འཕྲལ་དུ་ཞལ་འདེབས་སྒོར7420བསྡུས་ཏེ་ཅུས་དེའི་ཆབ་སྲིད་ལས་དོན་ཁོའོ་ལ་སྤྲད་པ་དང་།2019ལོའི་སྤྱི་ཟླ10པར་ནུབ་ཁུལ་དུ་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཞིག་སྤོ་བོ་དང་རྨོ་བོ་ལགས་ཀྱིས་ལྟ་རྟོག་བྱེད་བཞིན་ཡོད་པ་ཐོས་རྗེས་འཕྲལ་མར་འཚམས་འདྲིར་ཕེབས་ནས་ཁོང་ཚོར་བློ་ཁོག་ཆེན་པོས་འཚོ་བ་སྐྱེལ་རྒྱུའི་སྐུལ་ལྕག་གནང་།2020ལོའི་སྤྱི་ཟླ4པར་ཁྲོ་ཤུལ་གོང་མར་ས་འགུལ་བྱུང་དུས་ཕུར་བུ་ཚེ་རིང་གིས་གྲོགས་པོ་ཚོ་དང་འཕྲལ་མར་འབྲེལ་བ་བྱས་ཏེ་སྒོར7000ལྷག་གི་འབྲས་དང་།གྲོ་ཞིབ།སྣུམ་སོགས་དངོས་ཟོག་ཉོས་ནས་བསྐྱལ།

གཅེས་སེམས་ཁེངས་པའི་ལམ་བུ་ཇེ་ཡངས་གྱུར།

ཕུར་བུ་ཚེ་རིང་སེར་ཤུལ་རྫོང་གི་སློབ་གྲྭ་ཕལ་ཆེར་ནང་ལ་སོང་མྱོང་། ཁོང་གིས་ང་ནི་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས་སློབ་མ་ཚོའི་འཚར་ལོངས་དང་མི་སེར་ཚོའི་འཚོ་བའི་ཐད་སེམས་ཁུར་བྱ་རྒྱུ་ནི་ང་ལ་མཚོན་ན་རང་གི་དགའ་ཕྱོགས་དང་ལས་འགན་ཞིག་ཏུ་བརྩི་བཞིན་ཡོད་ཅེས་བཤད།

སྐབས་དེར། སྐྱིད་མོ་རྨང་གཞིའི་སློབ་གྲྭ་ནི་སྒེར་བཙུགས་བྱིས་པ་ཁང་ཞིག་ཡིན་པ་དང་ཆུ་ཁ་དང་ཐག་ཉེ་བར་མ་ཟད་ས་ཐག་རིང་བས་འགྲིམ་འགྲུལ་སྟབས་མི་བདེ། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ400ཡོད་ཀྱང་ལྕགས་རི་ཡག་པོ་ཞིག་ཀྱང་མེད་པས་སློབ་མ་ཚོ་ཆུ་ཁར་རྩེ་བར་དགའ་བའི་ཉེན་ཁའི་གནས་ཚུལ་དང་བསྟུན་ནས་ཕུར་བུ་ཚེ་རིང་གིས་བྱེད་ཐབས་འདྲ་མིན་སྒོ་ནས་བསགས་པའི་སྒོར་ཁྲི4ལྷག་བཏང་ནས་སློབ་གྲྭའི་ལྕགས་རི་བསྐྲུན་ཡོད།

དེས་མ་ཚད་ལོ་ལྟར་དབྱར་དགུན་དུས་ཚིགས་སུ་སློབ་གྲྭར་སོང་ནས་འཚམས་འདྲི་བྱས་པ་དང་།ཕྲུ་གུ་ཚོར་སློབ་སྦྱོང་མཁོ་ཆས་དང་།གྱོན་གོས།ཉལ་ཆས་སོགས་སྦྱིན་པ་ན་སེམས་སུ་དགའ་སྤྲོས་ཁེངས། ཕུར་བུ་ཚེ་རིང་གིས་ལོ8རིང་སེམས་ཁུར་རོགས་རམ་བྱས་པ་བརྒྱུད་སློབ་གྲྭ་དེ་གཞུང་བཙུགས་བྱིས་པ་ཁང་དུ་གྱུར་ནས་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། སློབ་གྲྭའི་དགེ་རྒན་རྣམ་པས་ཕུར་བུ་ཚེ་རིང་ལ་ཁ་བཏགས་དང་གཟེངས་དར་ཕུལ་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ལེགས་སྐྱེས་འབུལ་མཁན་རེད་ཅེས་བསྔགས་བརྗོད་ཚད་མེད་བྱས།

ཕུར་བུ་ཚེ་རིང་དང་གྲོགས་པོ་སྒྲིག་མཁན་མང་ཆེ་བ་ནི་རྒྱ་རིགས་སྤུན་ཟླ་ཡིན་པ་དང་ཁོང་ཚོས་རྟག་ཏུ་དངོས་པོ་ཁྱེར་ནས་སེར་ཤུལ་རྫོང་གི་དཀའ་ངལ་ཡོད་པའི་བྱིས་པ་དང་མི་ཧྲེང་རྒན་རྒོན་ལ་ལྟ་བར་ཡོང་གི་ཡོད། ཕུར་བུ་ཚེ་རིང་གིས་གྲོགས་པོ་རེ་རེར་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་པས་མ་ཚད། ཁོང་ལ་བབ་ཆགས་པའི་བསམ་འདུན་ཞིག་ཡོད་པ་ནི་གྲོགས་པོ་དེ་བས་མང་པོས་སེར་ཤུལ་རྫོང་ལ་རྒྱུས་ལོན་བྱས་ཏེ་དཀའ་ངལ་ཡོད་པའི་སློབ་མ་དང་འཚོ་བ་སྡུག་པོའི་ཁྱིམ་ཚང་སོགས་ལ་རྒྱབ་སྐྱོར་རོགས་རམ་བྱ་རྒྱུའི་རེ་བ་དེ་ཡིན།

མཚོ་འཕགས་མཐོ་ཤོས་ཀྱི་སེར་ཤུལ་ཡུལ་ལ་ལོ་རེར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ3ཡིན་པ་དང་། གནམ་གཤིས་ཧ་ཅང་སྡུག་པས་ཉིན་གཅིག་ནང་དུས་བཞི་བརྒྱུད་དགོས་པས་ཚེ་སྲོག་གི་བཀག་སྡོམ་ཁུལ་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ཚེ་སྲོག་གི་བཀག་སྡོམ་ཁུལ་དུ་ཕུར་བུ་ཚེ་རིང་གིས་སྤྱིར་བཏང་མིན་པའི་མི་རིགས་མཐུན་སྒྲིལ་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

རྒྱུན་འཁྱོངས་ལྷོད་མེད་ལས་དོན་ཡག་པོར་སྒྲུབ།

ཕུར་བུ་ཚེ་རིང་འགྲིམ་འགྲུལ་ལས་འཛོལ་གྱིས་རྐྱེན་པས་རྨས་སྐྱོན་ཕོག་མཁན་མང་པོ་དང་འཕྲད་ཀྱི་ཡོད།ཁོང་གིས་དེ་དག་ལ་སྒོར་མོ་དང་གང་ཐད་ནས་རོགས་རམ་བྱེད་བཞིན་ཡོད།ཁོང་གིས་ཚེ་སྲོག་གི་མདུན་དུ་རྒྱུ་དངུལ་ཚང་མ་དོན་ཆུང་ཡིན་པས་རང་ཉིད་ཀྱིས་སྒྲུབ་ཐུབ་ཚེ་ནམ་ཡང་བློས་གཏོང་མི་སྲིད་ཅེས་བཤད།

2021ལོའི་སྤྱི་ཟླ3པའི་ཚེས15ཉིན་ཕུར་བུ་ཚེ་རིང་གིས་རིན་ཐང་སྒོར་ཁྲི2ལྷག་རི་བའི་དམག་ལྭ150ལྷག་དང་སྲིང་བལ་ཉལ་ཆས150ལྷག་གི་དངོས་ཟོག་ཁྱེར་ནས་ཁོར་ཡུག་སྲུང་སྐྱོང་བཟོ་པའི་ལག་ཏུ་སྤྲད་ཡོད། སེར་ཤུལ་རྫོང་ཁོར་ཡུག་འཕྲོད་བསྟེན་པས་གཟེངས་དར་ཕུལ་ནས་དེའི་ཐོག་མི་བཟང་བྱ་བཟང་ཕྱོགས་སུ་བརྩོན། ལེ་ཧྥུང་སྙིང་སྟོབས་སེམས་སུ་བཅངས་ཞེས་བྲིས་ཡོད། 2023ལོའི་སྤྱི་ཟླ10པར་ཕུར་བུ་ཚེ་རིང་གིས་སླར་ཡང་གཅེས་སེམས་མི་སྣར་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་དངོས་ཟོག་བསྡུ་རུབ་བྱས་ནས་སྤྱི་བདེ་ཅུས་ཀྱི་འབྲེལ་གཏུག་ས་ཚུགས་དགེ་མང་ཡུལ་ཤོག་ལ་གྲོ་ཞིབ་ཁུག་མ50དང་།སྣུམ་ཤེལ་དམ50 ཉལ་ཆས50བཅས་ཞལ་འདེབས་ཕུལ་བར་མ་ཟད།དབང་པོ་སྐྱོན་ཅན་མི་ལྔར་སོ་སོར་སྒོར500ཞལ་འདེབས་ཕུལ། ལོ14ཡི་རིང་ཕུར་བུ་ཚེ་རིང་གིས་རིམ་རྩིས་བྱས་ན་བྱིས་པ་དབུལ་པོ་དང་མི་ཧྲེང་རྒན་རྒོན་ལ་ཞལ་འདེབས་བརྒྱབ་པའི་རྒྱུ་ནོར་རིན་ཐང་ཁྱོན་སྒོར་ཁྲི30ལྷག་ལ་ཟིན་ཞིང་།ཁོང་གིས་གཅེས་སེམས་ཕུལ་མཁན་མི་སྣ་དང་འབྲེལ་བ་བྱས་ནས་སྔ་རྗེས་སུ་སྒོར་ཁྲི100ཙམ་བཏང་ཡོད་པ་རེད།།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)