国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཇིག་རྟེན་གྱི་མཛེས་པ།

ནགས་ལྗོན་པའི་སྟེང་དུ་བྱ་ཚོགས་འབབ།།

སྐད་ཀྱུར་ཀྱུར་སྨྲ་བཞིན་རྩེད་འཇོར་རོལ།།

ཆུ་གཙང་པོའི་འགྲམ་དུ་མེ་ཏོག་བཞད།།

འཛུམ་ལྷུག་ལྷུག་གྲོལ་བཞིན་འགོ་ལྕོག་ལྡེམ།།

སྤང་གཡུ་ཡི་གཞུང་ལ་ནོར་ཁྱུ་བཀྲ།།

རྩྭ་བཟང་དྲུག་སྨན་གྱི་བཅུད་ཆེན་འཛོམས།།

སྨན་བགོ་བགོའི་བཞོ་དབྱངས་རྣ་བར་སྙན།།

སྟོད་ཡར་འབྲོག་འཚོ་བར་སྣུམ་ཞག་འཁྱིལ།།

རི་མཐོན་པོའི་ཟོམ་དང་སྐེད་པ་རུ།།

སྨུག་ལང་ལོང་ཉིན་མཚན་བསྟུད་མར་འཐིབ།།

སྒར་དགོན་པའི་གསེང་དང་གྲོང་འདབས་སུ།།

རླུང་སིལ་སིལ་ལྡང་བ་ཡི་གར་འོང་།།

དགུང་ཉི་མའི་འོད་ལ་དམར་མདངས་རྒྱས།།

དགོང་ས་སྲོད་ཆར་པའི་ཁ་དོག་མཛེས།།

མཐོ་ནམ་མཁའི་སྐར་ཚོགས་འདར་ཞིང་གཡོ།།

དམའ་ས་གཞིའི་ལང་ཚོ་སྒེག་པས་ཕྱུག།

སྟོད་རི་རྩེའི་སྤྲིན་པ་དལ་གྱིས་རྒྱུ།།

སྨད་ན་གཞུང་རྩི་ཤིང་ལྷོད་ཀྱིས་ལྡེམ།།

གཞིས་འཁོར་བའི་ཀློང་གི་མི་ཚོགས་ཀྱི།།

ནང་སེམས་པའི་དཀྱིལ་དུ་དགའ་བ་འཁྲུངས།།

༼ འཇོ་མདའ་པདྨ། ༽