国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱ་གོ་བོ་ནི་མགོ་སེར་མགོ་ནག་གཉིས་སུ་ཕྱེ་བའི་བྱ་ཆེན་ཞིག་སྟེ། བོད་ཀྱི་ས་གནས་ཀུན་ཏུ་མཐོང་རྒྱུ་ཡོད་པ་དང་། རྫ་མཐོ་ས་དང་རི་སུལ་དུ་གནས་ཤིང་། བྲག་རི་མཐོན་པོར་ཚང་བཟོས་ནས་དགུན་དུས་གྲང་ལྷགས་ཆེ་བའི་སྐབས་སུ་བྱ་ཕྲུག་འཇོག། ཟས་འཇུ་སྟོབས་སོགས་ཤིན་ཏུ་ཆེ་བས། རུས་རྡོག་ཆེན་པོ་ཁྱུར་མིད་བཏང་ཡང་ལམ་སེང་འཇུ་བས་སྲོག་ཆགས་ཀྱི་ནང་ནས་ཕོ་བར་ཟས་འཇུ་སྟོབས་ཀྱི་ཨང་དང་པོ་ཡིན། མཆུ་རྣོ་ལ་རྩེ་གུག་པ། རྐང་པ་སྦོམ་ལ་ཐུང་བ། སྡེར་མོ་ཆེ་བ། གཤོག་པ་རིང་བ། ནར་མ་སོན་པའི་གོ་ཕྲུག་གི་མགོ་ནག་པོ་དང་ལུས་ཀྱི་སྒྲོ་ཁམ་ནག་ཡིན། ནར་སོན་ནས་མགོ་སྐེ་ལྟོ་བ་བརླ་ཐེར་སོགས་ཀྱི་སྒྲོ་སེར་སྐྱའམ་དཀར་སེར་ཡིན།གོ་བོ་ནི་མགོ་ཆུང་ཞིང་སྐེ་སྦོམ་ལ་འགྲམ་པ་དང་མཆུ་ཏོ་ནག་པོ་རྩེ་ཕྲ་ལ་ལྕགས་ཀྱུ་ལྟར་གུག་པ་དང་། ལག་གཉིས་ཅུང་ཟད་ཐུང་ལ་སྡེར་མོ་རྣོན་པོ་ཡོད། མགོ་བོའི་སྤུ་དཀར་ལ་འཇམ་ཞིང་ལྟག་པ་དང་རྣ་བའི་མཐར་སྒྲོའམ་སྤུ་དཀར་ལ་སེར་མདངས་ཡོད་པའི་ནང་ནག་པོའང་འདྲེས་ཡོད། ཕྲག་པ་དང་རྒྱབ་རྐེད་གསུམ་གྱི་སྒྲོ་དཀར་སྐྱའམ་དཀར་པོ་ཡིན། སྒྲོའི་མཐའ་ནག་པོ་ཡིན་ཞིང་གཤོག་སྒྲོ་ཡང་རྒྱབ་ཀྱི་མདོག་ལྟར་མཚུངས། བྲང་གཞུང་དང་། ཨོལ་མ། འཕོངས། ལག་པའི་ལོགས་བཅས་སུ་སྐྱེས་པའི་སྒྲོ་རྣམས་སེར་སྐྱ་ཡིན། མཇུག་མའི་སྒྲོ་ཡང་དཀར་ལ་ཅུང་ཟད་རྩུབ་པ་ཡོད།རྒྱུན་དུ་འཚོ་གནས་བྱེད་ཡུལ་རི་ལྡེབས་ཀྱི་བྲག་དང་རི་སུལ་རྩྭ་ཐང་སོགས་སུ་ཡིན་ཞིང་། ཟས་སུ་སྲོག་ཆགས་ཤི་བའི་རོ་དང་ཨ་བྲ་འཕྱི་བ་སོགས་ཟ་ལ། ལྷག་པར་དུ་རུས་པ་སྐམ་པོ་དང་། རྡོ་དཀར་གོང་ཁྱུར་མིད་བྱས་ཀྱང་འཇུ་ཐུབ།