国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་ནགས་རྩྭ་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡིས་བརྙན་ལམ་ བཀོད་གཏོང་ཚོགས་འདུ་འཚོགས་ཏེ།

ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་མང་པོ་ཐོན་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་མེད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་བསྟན།

ཝང་ཞའོ་ཧུའེ་ཡིས་མཆན་བཀོད་མཛུབ་སྟོན་གནང་། ཧོང་ཆང་གིས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

སྤྱི་ཟླ3པའི་ཚེས18ཉིན་གྱི་དགོང་མོར། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་མཆན་བཀོད་མཛུབ་སྟོན་གནང་ནས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཞའོ་ཧུའེ་ཡིས་མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། སྤྱི་ཟླ3པ་ནས་བཟུང་རང་རེའི་ཞིང་ཆེན་གྱི་ས་ཆ་མང་པོར་ནགས་ཚལ་མེ་སྐྱོན་ཐེངས་མང་ཤོར། ལྷག་པར་དུ་དཀར་མཛེས་ཁུལ་ཉག་ཆུ་རྫོང3·15མེ་སྐྱོན་དེ་འབར་ཤུགས་ཆེ་ལ་རྒྱ་ཁྱོན་ཆེ་བ། རྒྱུན་མཐུད་དུས་ཚོད་རིང་བ། མེ་གསོད་དཀའ་ངལ་ཆེ་བ་བཅས་ཡོད་པས་ང་ཚོར་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་བ་དང་། མེ་གསོད་མེ་ཟོན་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བའི་ཉེན་བརྡ་བཏང་། ས་གནས་ཁག་དང་ལྷག་པར་དུ“ཁུལ་གསུམ་དང་གྲོང་ཁྱེར་གཅིག”གི་གཙོ་གནད་ས་ཁུལ་དུ་ངེས་པར་དུ་དོགས་ཟོན་ནན་པོ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བསྐྱར་ལོག་ཕྱོགས་སྡོམ་ནན་ཏན་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ། བསླབ་བྱ་དང་ལེན་གཏིང་ཟབ་བཅས་བྱས་ནས་སྔར་ལས་ལྷག་པའི་ནུས་ལྡན་བྱ་ཐབས་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཐོན་མང་བའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས།“སྔོན་འགོག”གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དགོས། སྔོན་ནས་སྔོན་འགོག་དང་སྔ་ཙམ་ནས་ཤེས་པ། ཆུང་ངུའི་དུས་གནས་ཐག་གཅོད་བྱེད་པ་མངོན་གསལ་དོད་དུ་གཏང་དགོས། ཞིབ་འཇུག་དབྱེ་འབྱེད་དང་ཉེན་ཟོན་སྔོན་བརྡ་གཏོང་བ། སྐོར་གཡེང་ལྟ་ཞིབ་ཚད་ལེན་ལ་ཤུགས་རྒྱག་པ། ཕྱི་རོལ་གྱི་མེ་ཁུངས་ལ་ཚོད་འཛིན་ནན་པོ་བྱེད་པ། མི་མངོན་པའི་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ། འཚུབ་བསྟུན་གྲ་སྒྲིག་ལས་དོན་སྔོན་ལ་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཉེན་ཁ་ཐོན་མ་ཐག་དང་གནོད་སྐྱོན་མ་བྱུང་གོང་ནས་སེལ་ཐུབ་པ་བྱ་དགོས། མེ་གསོད་མེ་ཟོན་འགན་འཁྲི་སྔར་བས་ནན་དུ་གཏང་དགོས་པ་དང “དོ་དམ་གསུམ་དང་ངེས་པར་གསུམ”དོན་འཁྱོལ་ནན་པོ་བྱེད་པ། མེ་གསོད་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་དང་རོགས་སྐྱོབ་ནུས་པ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ་གཞི་རིམ་གྱི་མེ་སྐྱོན་བཅོས་སྒྲིག་ཆུ་ཚད་མཐོ་རུ་གཏང་དགོས། མིག་སྔར་གལ་འགངས་ཆེ་ཤོས་ནི་ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་བཀོད་གཏོང་དང་བཀོད་འདོམས་ལ་ཤུགས་རྒྱག་པ་དང་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་མེ་སྐྱོན་བསལ་རྒྱུ་དེ་ཡིན་ལ། རོགས་སྐྱོབ་མི་སྣའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཤུགས་ཡོད་རྒུས་མེ་སྐྱོན་བསལ་ནས་མེ་རོ་བསྐྱར་དུ་མི་འབར་བ་དང་མི་ཤི་རྨས་ཀྱི་གནས་ཚུལ་མི་ཐོན་པ་སྔོན་འགོག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།

ཧོང་ཆང་གིས་ནན་གྱིས་བསྟན་དོན། “ནན་ཞིབ་དྲང་གསུམ”གྱི་ལས་ཀའི་སྤྱོད་ཚུལ་ལ་སྔར་བས་ཤུགས་བརྒྱབ་ནས་མེ་སྐྱོན་ལས་འཛོལ་ཚབས་ཆེན་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་ནི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་དང་ནུས་པ་ལ་ཐད་ཀར་ཞིབ་བཤེར་དང་ཚོད་བགམ་བྱེད་པ་ཞིག་ཡིན། རིམ་ཁག་ལས་བྱེད་པས་ལས་དོན་གྱི་བག་གཡེང་གི་བསམ་བློ་དང་། དམ་ལྷོད་ཀྱི་སེམས་ཁམས། སྒྱུད་ལུག་གི་རྣམ་པ། སྟེས་དབང་གི་བསམ་ཚུལ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ལས་དོན་ཞིབ་ཕྲ་དམ་འཛིན་བྱེད་པ་དང་བཀོད་སྒྲིག་བྱས་ཡོད་ཚེ་ཞིབ་བཤེར་ཡོད་པ་བྱ་དགོས་པ་ལས་ཚོགས་འདུའི་ཁང་ནས་བསྡད་དེ་སྙན་ཞུ་ཉན་པ་དང་བླང་བྱ་བཏོན་པའི་རྣམ་པ་གཏན་འགོག་བྱེད་པ། ཕྱི་ཚུལ་ཙམ་སྟོན་པ་དང་གཞན་བློ་འགུག་པའི་ཚུལ་འཆོས་གཏན་འགོག་བྱས་ནས་ད་ལོའི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་གཡུལ་ལས་རྣམ་པར་རྒྱལ་བར་བྱ་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཏུང་ཝེ་མིང་དང་ཡས་ཧན་པིང་། ཙུའོ་ཡུང་ཞང་བཅས་ཁག་བགོས་ནས་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་གནང་བ་རེད། ཞིང་ཆེན་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུའི་གཞུང་ལས་ཁང་གིས་ཉེ་དུས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་། སི་ཁྲོན་ཞིང་ཆེན་ནགས་རྩྭ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འགན་ཁུར་བློ་མཐུན་གྱིས་ཉེ་དུས་ཀྱི་ནགས་ཚལ་མེ་སྐྱོན་གསོད་སྐྱོབ་གནས་ཚུལ་ངོ་སྤྲད་བྱས། འབྲེལ་ཡོད་གྲོང་ཁྱེར(ཁུལ)རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་བཅས་བྱས་པ་རེད།

རྒྱལ་ཁབ་ལས་སྒྲུབ་ཚོ་ཆུང་གི་གྲུབ་མི་དང་ཞིང་ཆེན་ནགས་རྩྭ་མེ་ཟོན་བཀོད་འདོམས་པུའུ་ཡི་གྲུབ་མི་སྡེ་ཚན་གྱི་འགན་ཁུར་བློ་མཐུན་དང་ཁུལ་གསུམ་དང་གྲོང་ཁྱེར་གཅིག་དང་མེ་སྐྱོན་ཤོར་ཉེན་ཆེ་བའི་རྫོང(གྲོང་ཁྱེར་དང་ཆུས)ཀྱི་འགན་ཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་གྲོས་ཚོགས་ནང་ཞུགས་པ་རེད།།(རྟ་མགྲིན་དང་ལྷ་འཛོམས་ཀྱིས་བསྒྱུར།)