国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་སྤེད་མགོ་གྲོང་སྡེས་ཞིང་ལས་རྒྱུ་ཆ་འདང་ངེས་བསགས་ ནས་དཔྱིད་རྨོད་གྲ་སྒྲིག་བྱས།

ཞིང་པས་སྔོ་ཚལ་རྨོད་བཞིན་པ།

ན་ནིང་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་གྲོང་སྡེའི་རྒྱུན་སྡོད་དུད་ཚང་ཡོངས་ལ་སྔོ་ཚལ་དྲོད་ཁང་བསྐྲུན་ཡོད།སྤྱི་ཟླ3པའི་ཚེས14ཉིན། ལི་ཐང་རྫོང་མོ་ལ་སྟོད་ཡུལ་ཤོག་སྤེད་མགོ་གྲོང་སྡེའི་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་སྡེའི་ལས་བྱེད་པས་དུད་ཚང་དུ་བསྐྱོད་ནས་ཞིང་དུད་ཀྱི་དཔྱིད་རྨོད་དངོས་རྫས་ཀྱི་དགོས་མཁོར་ཁྱོན་ཡོངས་ནས་ཞིབ་བཤེར་དང་། ཞིང་ལས་སྲིད་ཇུས་དྲིལ་བསྒྲགས་བྱེད་དུས་ཁྱེད་ཚོས་སྔོ་ཚལ་གང་ཞིག་བཏབ་ཡོད་དམ། ད་དུང་ས་བོན་གང་ཞིག་དགོས་འདུག ཆུ་ཨེ་ཡོད། རྨོ་ཞིང་བེད་མེད་དུ་བསྐྱུར་མི་རུང་ཞེས་བཤད།

ད་སྔར་དཔྱིད་རྨོད་གྲ་སྒྲིག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། སྤེད་མགོ་གྲོང་སྡེའི་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲིན་ཕྲན་ཚོགས་པ་དང་དུད་ཚང་དུ་བཅར་འདྲི། གཅིག་སྡུད་སྒྲོག་འགྲེལ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་སྡེ་ཡོངས་སུ་དཔྱིད་རྨོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་རིམ་ཁག་ཞིང་ལས་དང་གྲོང་སྡེའི་ལས་དོན་ཚོགས་འདུའི་སྙིང་དོན།ས་རྒོད་དུ་ལུས་པ་བཅོས་སྒྲིག་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་གཙོ་བོར་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། མང་ཚོགས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཏེ་གྲོང་སྡེ་ཡོངས་སུ་རྨོ་ཞིང་བེད་མེད་དུ་འཇོག་རྒྱུ་བཀག་འགོག་དང་རྨོ་ཞིང་བེད་མེད་འཇོག་མི་རུང་བའི་གཞི་ཐིག་ནན་སྲུང་བྱས་ནས་རྨོ་ཞིང་གི་སྣང་ཉམས་བཟང་པོ་ཞིག་བསྐྲུན་ཡོད།

སྤེད་མགོ་གྲོང་སྡེའི་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གིས་སྔོན་ནས་འཆར་འགོད་དང་བཀོད་སྒྲིག འགུལ་སྤྱོད་བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་སྟེ། ཞིང་ལས་རྒྱུ་ཆ་གྲབས་གསོག་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཞིང་ལས་རྒྱུ་ཆའི་དགོས་མཁོ་མི་འདང་བར་ཤུགས་ཡོད་རྒུས་འགན་ལེན་བྱས། བསྡོམས་རྩིས་བྱས་པར་གཞིགས་ན། སྤེད་མགོ་གྲོང་སྡེའི་ཞིང་དུད92ཀྱིས་ས་ཞིང་མུའུ756.4ལེགས་སྒྲིག་བྱས་སྟེ་ནས་དང་ཞོག་ཁོག པད་ཚལ་སོགས་ས་བོན་ཏུན13ལྷག་གྲ་སྒྲིག་བྱས་པ་དང་། དུས་མཉམ་དུ་གྲོང་སྡེའི་ཨུ་ལྷན་གཉིས་དང་འདེབས་འཛུགས་དུད་ཚང་ལ་ཞིང་སའི་བཞའ་ཚད་དམ་འཛིན་བྱ་རྒྱུའི་སྐུལ་སློང་བྱས་ཏེ།དཔྱིད་རྨོད་ལས་དོན་ཧུར་ཐག་སྤེལ་ནས་སྤྱི་ཟླ4པར་རྨོ་ཞིང་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་ཡོད།

གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པས་ཞིང་དུད་ཀྱི་དཔྱིད་རྨོད་དངོས་ཟོག་གི་དགོས་མཁོ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པའི་རྨང་གཞིའི་ཐོག་གྲོང་སྡེའི་ནང་གི་ཞིང་འཕྲུལ་བཀོལ་སྤྱོད་ལ་མཁས་པ་སྒྲིག་འཛུགས་བྱས་ནས་ཞིང་འཕྲུལ་ལ་སྲུང་སྐྱོང་བྱས་པ་དང་། ཁྱིམ་ཚང་རྣམ་པའི་དཔལ་འབྱོར་སྔོ་ཚལ་དྲོད་ཁང་ཆེ་མོའི་ནུས་པ་དང་དེ་ལས་ཐོན་པའི་དཔལ་འབྱོར་ཕན་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས། ཞིང་ལས་གནས་ཚུལ་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོར་སྤེད་མགོ་གྲོང་སྡེས་ནས་མུའུ672.4དང་ཞོག་ཁོག་མུའུ84འདེབས་རྩིས་ཡོད་པ་དང་།ད་སྔའི་བར་དུད་ཚང35ཡིས་ཁྱིམ་ཚང་རྣམ་པའི་དཔལ་འབྱོར་སྔོ་ཚལ་འདེབས་འཛུགས་ལེགས་སྒྲུབ་བྱུང་བ་དང་དེ་ལས་ལྷག་པའི་དུད་ཚང9ཡིས་འདེབས་འཛུགས་བྱེད་བཞིན་ཡོད།

ཕྱིན་ཆད། སྤེད་མགོ་གྲོང་སྡེས་ཞིང་ལས་དུས་ཚོད་ལ་གཞིགས་ཏེ་དུས་ཐོག་ཏུ་གྲོང་སྡེའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཞིང་དུད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱ་རྒྱུ་རེད།།

(སྐལ་བཟང་རྒྱ་མཚོས་བསྒྱུར།)