国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་ཕྱུག་ལྷ་མོ་འཚོལ་བའི་སེམས་ནད།

མ་བཅོས་སྒེག་དང་མཛེས་སྡུག་མཆོག་མངའ་བའི། །

ཚིག་དང་དབྱངས་ཀྱི་སྙན་པའི་བང་མཛོད་མ། །

གན་མིན་འདི་མིན་བརྗོད་བྱ་ཟླ་བྲལ་བ། །

དབྱངས་ཕྱུག་ལྷ་མོས་ངག་གི་མཆོད་དབྱངས་བསྩལ། །

དབྱར་གསུམ་ཟླ་བའི་ཁྲོད་ན་མ་མཆིས་པའི། །

དགུན་ཟླའི་གངས་དཀར་ཁྲོད་ན་མི་བཞུགས་པའི། །

དཀར་མཛེས་ལང་ཚོ་སྨིན་པའི་འདོད་འགུག་མ། །

དབྱངས་ཅན་ལྷ་མོ་བཙལ་ཀྱང་རྙེད་མ་བྱུང་། །

དཔྱིད་དཔལ་བཅུ་དྲུག་ལང་ཚོ་མ་ཡིན་ལ། །

སྟོན་དུས་ནགས་ཁྲོད་མཛེས་པའི་གླིང་ན་མེད། །

འཁོར་བའི་གྲོང་ན་འདི་ཡིན་གན་ཡིན་མེད། །

དབྱངས་ཅན་ལྷ་མོ་བཙལ་ཀྱང་རྙེད་མ་བྱུང་། །

དགེ་ཆོས་སྨྱོན་པའི་མཆོད་དབྱངས་བསྩལ་ན་ཡང་། །

ལྷ་མོའི་གཟུགས་དང་དྲི་ཙམ་མ་རྙེད་ལ། །

རྒྱལ་སྲས་ཚངས་དབྱངས་ཚིག་ལ་མཁས་ན་ཡང་། །

ལྷ་མོ་བཙལ་ནས་རྙེད་པའི་ལོ་རྒྱུས་ཅི། །

སྙན་གསུང་དབྱངས་ཚིག་ཆང་གི་བཟི་རྒོད་དེ། །

ནགས་དང་རྩི་ཤིང་ལྡེམ་སྒྲ་མ་ཡིན་ཞིང་། །

རླུང་དང་ཙགས་ཀྱི་བཞུར་སྒྲ་མ་ཡིན་ལ། །

བཙལ་ཀྱང་རྙེད་བའི་སེམས་ལ་ཡིད་ཆེས་གང་། །

འཇོ་སྒེག་ཨུ་དམ་ཝ་ར་མ་ཡིན་ལ། །

མཛེས་གདོང་ཆུ་འཛིན་དཀར་པོ་མ་ཡིན་ནམ། །

དཔེ་དང་དཔེ་འཇོག་བྱེད་པའི་ངང་ཚུལ་དེ། །

བསམ་རེ་འཁོར་ན་དྲན་པའི་སྨྱོ་བཤད་ཙམ། །

མི་ཚེའི་ལོ་ཟླ་ཅི་ཙམ་རིང་ན་ཡང་། །

ལྷ་མོ་རྙེད་པའི་དུས་སྐབས་མ་མཆིས་པས། །

དེ་ཕྱིར་དད་སེམས་མཆོད་པའི་ངེས་འབྱུང་གིས། །

ལྷ་མོའི་བྱིན་རླབས་འགུག་པའི་ནུས་ཤུགས་ལྡན། །

རྒྱ་གར་སྙན་ངག་སྨྲ་བའི་ནག་མོ་ཁོལ། །

གློ་བུར་མི་ལྡོག་དད་བའི་ངེས་འབྱུང་དེས། །

ལྷ་མོས་བྱིན་རླབས་བསྩལ་པའི་བར་ཁྲོད་ནས། །

མ་བསྩལ་དབང་མེད་བྱེད་པའི་དད་སེམས་ངེས། །

འཚོ་བའི་འཚོ་བའི་ནང་ན་མ་བཞུགས་ཤིང་། །

སྒྲ་དང་མཛེས་པའི་ཁྲོད་ན་མ་མཆིས་ལ། །

སྟོང་ཉིད་དད་པའི་ཡིད་ལ་འཁོར་འཁོར་ནས། །

བསམ་རེ་འཁོར་ན་ལྷ་མོ་སེམས་ན་བཞུགས། །

དྲི་དང་ལང་ཚོའི་ནང་ན་མི་བཞུགས་ཤིང་། །

ཡག་དང་བཙོག་པའི་ཁྲོད་ན་མི་འཁོར་ལ། །

མ་བཅོས་དད་པའི་སེམས་ལ་བཞུགས་བསྩལ་བས། །

བསམ་རེ་འཁོར་ན་ལྷ་མོ་སེམས་ན་བཞུགས། །

བྱིན་རླབས་བསྩལ་དང་མི་བསྩལ་བ། །

རང་རང་སེམས་ཀྱི་རྣམ་རྟོགས་ཙམ། །

དབྱངས་ཕྱུག་ལྷ་མོ་སངས་རྒྱས་ཕྱིར། །

བྱིན་རླབས་བསྩལ་ས་གཉེན་དགྲ་མེད། །

ལྷ་མོས་བྱིན་རླབས་གནམ་གྱི་ཐོག་མདའ་བཞིན། །

སྐད་གཅིག་མྱུར་ལ་བསྩལ་བ་ལྷོད་ཉམས་མེད། །

མ་བཅོས་དད་པའི་ཡིད་སེམས་དྭངས་གཙང་ན། །

ལྷ་མོས་བྱིན་རླབས་འདི་ལ་གཉེན་དགྲ་མེད། །

མ་བཅོས་སྒེག་གི་རང་མདངས་དཀར་པོ་ཆུ་

འཛིན་དཀར་པོ་ཞེས་ཀྱང་མ་ཡིན་ལ། །

གཞོན་སྐྱེས་ལང་ཚོ་དར་ལ་བབས་པའི་དཔྱིད་

དཔལ་བརྗོད་ཀྱང་སྨྱོ་བཤད་ཙམ། །

སྙན་གསུང་ངག་གི་ཚིག་དང་རོལ་སྐུད་

ཁུ་བྱུག་བཞག་ཀྱང་འཁྲུལ་སྣང་ཙམ། །

དབྱངས་ཕྱུག་ལྷ་མོ་མཛེས་སྡུག་མཆོག་མངའ་

ཟླ་བྲལ་ཕྱིར་ན་དཔེར་མ་མཆིས། །

སྔོན་དང་ད་ལྟའི་བར་ཁྲོད་དུ། །

རྩོམ་དང་ཚིག་གི་བསླུ་བའི་འོག །

ཕྲ་མེད་མ་ཡི་སོ་ནམ་བཞིན། །

ཕན་ལས་གནོད་པའི་ནུས་ཤུགས་དྲག །

ད་བཟུང་དད་པའི་བློ་སེམས་འདི། །

རབ་བརྟན་རི་བོ་གྲུ་འཛིན་ཚུལ། །

དྭངས་གཙང་མཚོ་ཡི་མེ་ལོང་བཞིན། །

ལྷ་མོས་བྱིན་རླབས་རབ་འཁོར་ཤོག །

ལུས་གཟུགས་ས་ལ་མ་ཟག་བར། །

དད་དང་མཆོད་པའི་ཞབས་ཕྱག་འཚལ། །

ལྷ་མོས་བྱིན་རླབས་ཉིན་ཞག་མཚན་ལ་བསྩལ། །

མཐར་གཏུགས་དབྱངས་ཅན་མ་དང་དབྱེར་མེད་ཤོག །

༼ དགེ་གྲྭ་རྒྱལ།༽