国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐེ་ཚོམ།

རྒྱང་རིང་གི་རྩྭ་ཐང་དུ་ཁྱེད་རང་ཡོད་པ་གོ་རྗེས།

བདག་གིས་འཕྲང་ལམ་ཀྱག་ཀྱོག་དག་འབད་པས་བརྒལ་མྱོང་།

གཙང་པོ་ཤང་ཤང་གིས་བཞུར་འགྲོ་དུས།

འུ་གཉིས་མྱུར་མོར་ངོ་བོ་དབྱེར་མེད་དུ་འགྱུར་བར་རེ་སྒུག་བྱས།

ལྷིང་འཇགས་ཀྱིས་འཚོས་ཏེ་ཁོམ་ནས་ཡོད་དུས་ཀྱང་།

ཁྱེད་ཁོ་ན་བསྒོམས་ཏེ་སྟོང་འདང་བརྒྱབ།

ཀྱེ་འབར་མ་ཚར་བའི་མེ་ལྕེ་སྣུམ་པོ།

ཁྱེད་གབ་པའི་ཚུལ་དུ་བག་ལ་ཉལ་སྐབས།

བདག་གིས་ལྐོག་གྱུར་གྱི་རི་སུལ་གང་མང་བརྒྱུད།

མཚན་སྨག་གིས་བསྐྲུན་པའི་མཁར་རྫོང་ནས་ཀྱང་།

ཁྱེད་གཅིག་པུ་རྨི་ལམ་རྨིས་ནས་བསྡད།

མི་འགྱང་བའི་འཇིགས་པ་བཙན་པོས།

བདག་བྱིའུ་བཞིན་གཟེབ་དུ་བཙུད་སོང་ཚེ།

མཚན་ལྗོངས་ཀྱི་རྨི་ལམ་ཐམས་ཅད་གློ་བུར་དུ་ཡལ་ངེས་པས།

ཁྱེད་ཀྱིས་བདག་ལ་ཁྲེལ་མེད་ཅེས་འབོད་སྲིད་དམ།

ཡིད་སེམས་རབ་ཏུ་སྨྲེང་སྟེ་རྒྱང་རིང་ན།

མིག་ཆུ་གཏོང་བཞིན་ཡོད་ཅེས་སྐད་བསྐུར་སྲིད་དམ།

ཡང་ན། ཁག་མེད་དོ་ཞེས་རྫོགས་ཚིག་སྟབས་བདེ་ཞིག་བཀོད་

དེ་བཏང་སྙོམས་སུ་འཇོག་ངེས།

༼ གཞི་ཚང་ཟླ་བ་གྲགས་པ། ༽