国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཕུར་སྐྱོད།

གནམ་སྔོན་ཐང་ལ་ལྷུང་འདྲའི་རྩྭ་ཐང་སྟེང་།

མི་རྣམས་ཚོམ་བུ་ཚོམ་བུ་བྱས་ནས་གླུ་གར་དང་རྩེད་འཇོ་ལ་རོལ།

ང་རང་ཁ་ནམ་མཁར་ཕྱོགས་ནས་གན་ཀྱལ་དུ་བསྡད།

ལྷོ་རུ་བསྟར་ཕྲེང་བསྒྲིགས་ནས་འཕུར་སྐྱོད་གནང་བཞིན་པའི་

བྱ་ཁྱུ་ལ་བལྟས་ཏེ།

ཁེར་སྡུག་གིས་མནར་གྱིན་པའི་རང་ཉིད་ཀྱི་ལས་དབང་ལ་སེམས་

ཁུར་བྱ་དགོས་བྱུང་།

གནས་འདིར།

ནམ་མཁའི་སྔོ་བསངས་དང་ཡོ་ལང་རྒྱས་ཀྱིན།

དུས་ཚོད་ཀྱི་ཉིན་སྲིབ་བར་ནས་གཙུབ་ཅིང་བརྡར་བ་ཇི་བཞིན།

བཞུར་ནས་འོང་བའི་ཤུགས་བསྟན་གྱི་ཉིང་ཁུ།

དེ་དག། དེ་དག་ལས་ཅི་ཞིག་གསལ་པོར་སོང་ངམ།

ང་ནི་འཕུར་སྐྱོད་ལ་འཁྲེང་བའི་མི་ཞིག་ཡིན།

འཕུར་སྐྱོད་ནི་ལས་དབང་ཞིག་གམ།

ཡང་ན། གདམས་གསེས་ཤིག་ཡིན་སྲིད།

དབང་ཆ་ཤོར་སོང་།

མགོ་བོ་བསྒུར་ནས་

ཁེར་རྐྱང་མ་ཡིན་པའི་སྡུག་བསྔལ་ཞིག་ཁོག་ཏུ་བཅུག།

སྐབས་དེ་ནས་བཟུང་། ང་ལ་སྦྲིད་སྨན་ལྟ་བུ་རེ་བླུད་ནས།

ཉི་མ་རེ་རེ་བཞིན་འཕུར་སྐྱོད་ནི་རྨི་ལམ་ཞིག་ཏུ་གྱུར།

དུས་ཚོད་ཀྱི་རྣམ་ཤེས་སྒྲུག་གིན།

སྒྱུ་འཕྲུལ་གྱི་དབྱིངས་ལ་ཞུགས།

གདུང་སེམས་ཀྱིས་ཡང་ཡང་བཀྲུས་མྱོང་བའི་སེམས་ཁོ་ན།

སྔར་བཞིན། འཕུར་སྐྱོད་ལ་བྲེལ།

༼ གངས་ཚ་འཇོམས། ༽