国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་ངལ་མིག་ཆུ་བྲུག་པའི་གདུང་དབྱངས།

དང་པོ།

རེད།ཕལ་ཆེར་ཉིས་སྟོང་ཉེར་གཅིག་ལོའི་བོད་ཟླ་དང་པོའི་ཚེས་ཉི་ཤུ་ཡས་མས་ཤིག་ཡིན་པ་འདྲ།གསལ་ཐག་ཆོད་པོ་ཞིག་བཤད་རྒྱུ་མི་འདུག་ཀྱང་།ཉིན་དེ་ནི་འཛུམ་མདངས་མིག་ཆུ་ཡིས་བརླན་པའི་གྲང་ཤུར་ཤུར་གྱི་ཉིན་མོ་ཞིག་ཡིན་ཞིང་།ན་ཟུག་རུས་རྐང་ལ་ཟུག་པའི་གཉོམ་དུང་དུང་གི་མཚན་ལམ་རིང་མོ་ཞིག་ཀྱང་ཡིན།

གཉིས་པ།

ཉིན་དེའི་ཞོགས་པར་ངེད་ཁྱིམ་མི་ཚང་མས་མིག་ཕུར་ཕུར་བྱེད་ཀྱིན་ནངས་ལག་བཀྲུ་བའི་སྐབས་ཤིག་ཡིན།གློ་བུར་ངའི་ཕུ་བོའི་སྐད་འཕྲིན་སྟེང་སྐད་ཅིག་འབྱོར་སོང་།སྐད་དེར་ཉན་མ་ཐག་ཨ་ཅེ་རྒན་མས་ངུ་མ་ལྷབ་ཀྱི་སྐད་ཆ་ཐན་ཐུན་ཞིག་ཙག་སྒྲ་དང་བཅས་ཏེ་བཤད་བྱུང་།ངས་ཕུ་བོར་ཅི་བྱུང་ངམ་ཞེས་བྲེལ་སྟབས་ཀྱིས་དྲིས་པ་ན་ཕུ་བོས་སྐྲག་སྣང་དང་བཅས་ཏེ〃ཨ་པ(ཡུལ་སྐད)ཡིག་སྐད་དུ(ཕུ་བོXXX ) མདང་ནུབ་ཁྱིམ་མཚེས་ཚང་ལ་འགྱིག་འཇོག་ཏུ་སོང་ས་ནས་དེ་རིང་སྔ་དྲོར་ད་དུང་རང་ཁྱིམ་ལ་མ་འབྱོར་ཟེར་ཞེས་ཤོད་ཀྱིན་དངངས་སྐྲག་དང་བཅས་ཏེ་སྒོ་ཕྱིར་བརྒྱུགས་ནས་བུད་སོང་།དེ་ནས་ཨ་ཕ་ཡང་བྲེལ་འཚུབ་ཀྱིས་ཕུ་བོའི་སྒོར་བརྒྱུགས་ནས་སོང་།ངའི་ཨ་མ་སྤྱིར་ནས་སེམས་སྙི་མོ་བལ་ལས་འཇམ་པ་ཞིག་ཡིན་ཕྱིར་སྐད་ཆ་དེ་ཐོས་མ་ཐག་ཨ་་་ ་་་བྱ་འདི།མདང་ནུབ་སོང་ས་ནས་ད་དུང་ཡུལ་ལ་འབྱོར་མེད་དུས་དངོས་གནས་དོན་རྐྱེན་ཞིག་བྱུང་བ་ཨེ་ཡིན་ནམ་ཞེས་ཟེར་གྱིན་འཚབ་འཚུབ་ཀྱི་ཚུགས་ཀ་གཞི་ནས་མངོན།ངས་ཨ་མ་ལ་ཁ་རོག་སྡོད།དོན་དག་ཅི་ཡང་བྱུང་ཡོད་མི་སྲིད།〃ཨ་པ(ཨ་ཁུའམ་ཕུ་བོ)སྤྱིར་རྩེད་མོ་ལ་དགའ་བས་མདང་ནུབ་ཁྱིམ་མཚེས་ཚང་ནས་ཞག་བསྡད་གནང་བ་ཡིན་ཤག་ཤག་རེད་ཅེས་ལབ་པ་ན་ཨ་མའི་སེམས་ཁམས་ལྷོད་ལ་ཕབ།

གསུམ་པ།

དེ་ནས་ཨ་མས་ང་ལ་བཤད་རྒྱུར་འུ་ཚོ་ཡང་འགྲོ་ཟེར།ད་དུང་ཨ་མས་འདི་ལྟར་ལབ།ང་ཚོའི་ས་འདི་རི་གཟར་ལ་གཟར་ཡིན་ཁར་བརྡ་རྟགས་ཀྱང་མེད་པས་ད་ནི་ཞེ་ལྷོད་པོར་སྡོད་ག་ལ་ཐུབ་ཟེར་གྱིན་ཡར་ལངས། དེ་ནས་ངས་ཀྱང་ཨ་མ་དང་སྲིང་མོ་གཉིས་ཁྲིད་དེ〃ཨ་པ་(ཨ་ཁུའམ་ཕུ་བོ)ཚང་གི་ཁྱིམ་ཚང་གི་ཞོལ་གྱི་དེའུ་འབུར་ཞིག་ཏུ་བུད་ནས་བལྟས་པ་ཡིན།སྐད་ཅིག་མ་དེ་ལ་ངའི་རྣ་ལམ་དུ་དེ་མུར་ཨ་ཅེ་རྒན་མོའི་ངུ་སྐད་བྲག་ཅ་རུ་མཆེད་དེ་གྲགས་བྱུང་།ངས་དེ་མུར་རང་སེམས་སུ་དད་པ་རྩེ་གཅིག་གིས〃ཨ་པ་(ཨ་ཁུའམ་ཕུ་བོ)ལ་སྐྱོན་མེད་པར་སྨོན་ཞེས་ལྷ་བླ་མ་ཡི་དམ་དཀོན་མཆོག་ལ་གསོལ་བ་ཞིག་བཏབ་རྗེས། ཨ་མ་དང་སྲིང་མོ་གཉིས་ལ་སྐྱོན་མི་འདུག། སྐྱོན་མི་འདུག། ཕྱིར་འགྲོ་ཞེས་སྐད་དམའ་མོས་ལན་གསུམ་བཤད་པ་ཡིན།ངའི་ཨ་མའི་སྙིང་ཁམས་དེ་འདྲའི་བདེ་ཐང་མིན་པས་ངའི་རྣ་ལམ་དུ་ཨ་ཅེ་རྒན་མོའི་སྙིང་ལ་གཟན་ཞིང་འཇིགས་སུ་རུང་བའི་ངུ་ངག་འཁོར་བ་དེ་ངས་ཨ་མ་དང་སྲིང་མོར་བཤད་མ་ཕོད།ཕར་བལྟས་ན་ཨ་མ་དང་སྲིང་མོས་ཀྱང་ཨ་ཅེ་རྒན་མོའི་ངུ་སྐད་དེ་ཅུང་ཐོས་བྱུང་བ་དང་འདྲ།དེ་བས་ངས་མྱུར་བར་ཨ་མ་དང་སྲིང་མོ་ལ་འགྲོ་ཡུལ་ལ་འགྲོ།སྐྱོན་མེད་ཁུ་ཞེས་བཤད་པ་ན་ཨ་མ་ངུས་བྱུང་། ངས་ཀྱང་རང་དབང་མེད་པར་མིག་ཆུ་རྡོག་པོ་འགའ་གདོང་ནས་ཐོར་སོང་།

བཞི་བ།

དེ་ནས་ངས་ཨམ་གཙིགས་བསྡམས་ཤིང་ཨ་མ་དང་སྲིང་མོ་གཉིས་ཡུལ་ལ་ཁྲིད་པ་ཡིན།ཅུང་མ་འགོར་བར་ང་ཚོའི་སྡེ་བའི་སྐད་འཕྲིན་སྡེ་ཚོམས་ལས་ཤི་སྐད་ཅིག་ཉི་མ་དམར་པོ་དང་འགྲོགས་ནས་གྲགས་བྱུང་།〃ཨ་པ(ཨ་ཁུའམ་ཕུ་བོ)མདང་ནུབ་བྲག་གཟར་ནས་ལྷུངས་ཏེ་ཚེ་ལས་འདས་སོང་།ཚང་མ་རོགས་རམ་བྱེད་དུ་ཤོག་ཅེས་སྐད་བརྒྱབ་བྱུང་།བླ་མ་མཁྱེན།འཇིག་རྟེན་ཡ།དཀར་ནག་རེས་མོས་ཀྱི་འཇིག་རྟེན་ཡ།གྲང་ཞིང་འཁྱགས་འདར་རྒྱག་པའི་འཇིག་རྟེན་ཡ།ངའི་ཨ་ཅེ་རྒན་མོ་འདིའི་ཅི་བྱ།སྐྱ་ཐིང་ངེར་ལུས་པའི་ཁྱིམ་གཞིས་འདིའི་ཅི་བྱ།ལོ་ན་བཅུ་གསུམ་ལ་མ་སོན་པའི་བྱིས་པ་འདི་གཉིས་ཀྱིས་ཅི་བྱ།རང་བདག་རང་གིས་མི་ཐུབ་པའི་མནའ་མ་འདིའི་ཅི་བྱ།དཀའ་ངལ་དང་སྡུག་ཡུས་ལས་ཐར་མ་ཐག་པའི་ཁོའི་ཕ་ཡར་འདིའི་ཅི་བྱ་ཨང་ཞེས་ངུ་ཤམ་རྒྱག་གིན་ང་དུས་ཡུན་རིང་པོར་ཧོན་འཐོར་ཞིང་ཧང་ཟིང་བར་ལུས།དེ་ལྟར་དགོང་ག་ཆུ་ཚོད་བདུན་བརྒྱད་ཡས་མས་སུ་ཡོད་ཚད་མཇུག་བསྡུས་ཚར།མཇུག་བསྡུས་ཚར་ཟེར་ནའང་ཆེན་པོ་ཅང་མེད་དེ〃ཨ་པ(ཨ་ཁུའམ་ཕུ་བོའི)བེམ་པོ་བྱ་བཏང་བྱས་རྗེས་ཤི་བོའི་ངོས་ཐད་ནས་ཡོད་ཚད་མཇུག་བསྡུས་པ་དང་འདྲ།ཡིན་ན་ཡང་གསོན་པོ་ཤི་བོ་ལས་སྡུག་ཅིང་གསོན་པོའི་ཤི་བོ་ལས་ལྷག་པའི་སྡུག་བསྔལ་མྱོང་དགོས་པ་ནི་འཇིག་རྟེན་གྱི་འགྲོ་ལུགས་ཤིག་ཡིན་མོད།སྡུག་བསྔལ་དེ་ནི་ཕལ་ཆེར་དུས་ཡུན་རིང་པོ་ཞིག་སོང་རྗེས་རིམ་གྱིས་ཉམས་འགྲོ་བར་ངེས་ལ།ཤམ་ཤམ་འབབ་པའི་གདོང་གི་མཆི་མ་དེའང་ཡུན་གྱིས་སྐམ་སྲིད་པས་དེ་ནི་དེ་འདྲའི་རྟོགས་དཀའ་བའི་ཆོས་ཉིད་ཅིག་མིན་པ་འདྲ།ཡིན་ཡང་ན་ཚོད་མ་ལན་པར།ན་ཚ་མ་ལན་པར།བཙན་ཤིའི་དབང་དུ་གྱུར་པ་ནི་ཅི་འདྲའི་འཇིགས་སྣང་ཆེ་ཞིང་བརྗེད་པར་དཀའ་བའི་དོན་དག་ཅིག་རེད།ཅི་འདྲའི་ཕངས་སེམས་སྐྱེ་ཞིང་བློ་ཡིད་ལ་ཤོང་དཀའ་བའི་དོན་རྐྱེན་ཞིག་རེད་ཨང་།

ལྔ་བ།

རེད་ཡ།འཇིག་རྟེན་པ་ལགས།དེ་རིང་གི་འཛུམ་མདངས་ལ་གཅེས་སྤྲས་མཛོད་ཅིག། དེ་རིང་གི་ལྷན་འཛོམས་ལ་སྤྲོ་སྣང་སྦྱིན་ཅིག། རྒྱུ་མཚན་དེ་རིང་གི་འཛུམ་མདངས་ནི་སང་ཉིན་གྱི་གྱེས་བྲལ་ཡིན་སྲིད་ཅིང་།དེ་རིང་གི་ལྷན་འཛོམས་ཡང་སང་ཉིན་གྱི་མིག་ཆུ་ཡིན་སྲིད་པས་རྟོགས་པ་མཐོ་རུ་ཐོགས་ཤིག། མི་རྟག་འཇིག་རྟེན་གྱི་སྙིང་པོར་སོམས་ཤིག། དེ་རིང་སང་ཉིན་ལ་འཆད་དུ་མ་འཇུག། སང་ཉིན་ནི་ནག་ཡོར་ཡོར་ཞིག་སྟེ་མི་རྟག་པའི་མཚན་ཙམ་ཡིན་པས་ཤེས་པར་གྱིས་ཨང་།། ༼ མགར་ཐང་དཀར། ༽