国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ལ་ཡུལ་སྐོར་བ་ཁྲི7.91ལ་སྣེ་ལེན་བྱས།

དུང་དཀར་ལུང་པ་ལྗོངས་ཁུལ་དུ་ཡུལ་སྐོར་བ་འཚང་ཁ་ཆེ།

སྤྱི་ཟླ4པའི་ཚེས7ཉིན། གསར་འགོད་པས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་གི་རིང་ལ། རང་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་ཕྱེ་བའིAརིམ་པའི་མཛེས་ལྗོངས་ཁུལ74ཡིས་ཡུལ་སྐོར་བ7.91ལ་སྣེ་ལེན་བྱས་ཤིང་ཡོང་འབབ་སྒོར་ཁྲི157.24རག་ཡོད།

དེ་ལས་ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ3366ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི24.48ལ་ཟིན། དུང་དཀར་ལུང་པ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ2904ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི19.81ལ་ཟིན། མི་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ7117ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི40.54ལ་ཟིན། རྟའུ་གསེག་རི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ9486ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི45.73ལ་ཟིན་ཡོད། ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་གྱིས་མང་ཚོགས8389ལ་སྣེ་ལེན་བྱས་པ་དང་དེ་ལས་དྲྭ་ཐོག་ནས་མི3587ལ་ཞབས་འདེགས་བྱས་ཡོད། ཁུལ་ཡོངས་སུ་ཡུལ་སྐོར་བས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་གཙོ་བོ་ཡིན་པ་དང་། ལྕགས་ཟམ་ཁ་དང་དར་མདོ། རོང་བྲག། རྟའུ་བཅས་ཀྱི་ཡུལ་སྐོར་ལམ་ཐིག་ལ་རྒྱ་ཆེ་བའི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ། དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི《2024ལོའི་དྭངས་གསལ་དུས་ཚིགས་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྫོང(གྲོང་ཁྱེར)ཁག་གིས་གུང་གསེང་རིང་གི་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བྱས།

དྭངས་གསལ་དུས་ཚིགས་རིང་རྫོང་ཁག་གི་རིག་གནས་ཡུལ་སྐོར་ཁྲིམས་འཛིན་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་། སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ། རོལ་རྩེད་ཁང་སོགས་རིག་གནས་ཡུལ་སྐོར་ཁྲོམ་རར་སྐོར་ཞིབ་བྱས་ཤིང་། ཞིབ་བཤེར་བྱས་ཏེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་འཁོར་རྒྱུག་ཡག་པོ་བྱུང་ནས་དྭངས་གསལ་དུས་ཚིགས་རིང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་དོ་སྙོམས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས། རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དུས་བབ་ལ་དམིགས་ཏེ་ལྗོངས་ཁུལ་ཁག་ཏུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཞིབ་བཤེར་ས་ཚུགས་བཙུགས་ནས་ཡུལ་སྐོར་བར་མེ་སོན་རྩིས་ལེན་ཐོ་འགོད་བྱས་པ་དང་འབྲེལ་ནགས་ཚལ་གྱི་མེ་ཟོན་ཉེན་མེད་བསྒྲགས། “ནགས་ཟོན”དྲན་སྐུལ་ཤོག་བྱང་བཟོས་པར་མ་ཟད་མགྲོན་ཁང་དང་བཟའ་བཏུང་སོགས་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཡུལ་ལ་བཀྲམ་པ་རེད། འཚུབ་བསྟུན་རླུང་འཕྲིན་དྲིལ་བསྒྲགས་བྱ་ཐབས་གང་ལེགས་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་གྱི་འབྲེལ་ཡོད་ཤེས་བྱ(བོད་རྒྱ་སྐད་གཉིས)རྒྱ་ཁྱབ་ངང་བསྒྲགས།

དེ་དང་ཆབས་ཅིག་དྭངས་གསལ་དུས་ཚིགས་རིང་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཉེན་མེད་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་ཆེད། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་གཙོ་གནད་ལྗོངས་ཁུལ། ལམ་དུམ་ཉེན་ཁ་ཆེ་བ། སྤྲོ་གསེང་ལས་གཞི་སོགས་མངོན་མེད་རྐྱེན་ངན་ཚགས་བཤེར་དང་བཅོས་སྒྲིག་ནུས་ལྡན་བྱས་པ་རེད། ཉེན་མེད་དོགས་ཟོན་བྱ་ཐབས་ལ་ཤུགས་བསྣན་ནས་ཉེན་མེད་ཉེན་ཟོན་དྲན་སྐུལ་བྱང་བུ་དང་། བདེ་འཇགས་མཛུབ་ཁྲིད་པ། བདེ་འཇགས་འཚུབ་བསྟུན་རོགས་སྐྱོབ་སྒྲིག་ཆས་བཅས་མང་དུ་བཏང་ཡོད། རང་ཁུལ་དུ་དྲག་ཆར་དང་ཁ་བ་བབས་པའི་གནམ་གཤིས་ལ་དམིགས་ཏེ་སྡེ་ཚན་མང་པོས་མཉམ་འབྲེལ་བྱ་སྤྱོད་སྤེལ་ཏེ་ཡུལ་སྐོར་ཉེན་མེད་འགྲུལ་སྐྱོད་ཡོང་བར་རང་འཁྲིའི་ལས་འགན་བསྒྲུབས་ནས་གནམ་གཤིས་འགྱུར་ལྡོག་གི་ཉེན་ཟོན་དྲན་སྐུལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཤུགས་ཡོད་རྒུས་འགྲོ་ལམ་བདེར་བགྲོད་ཐུབ་པར་འགན་ལེན་བྱས།

དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། ཁུལ་ཡོངས་སུ་ཡུལ་སྐོར་ཞུ་གཏུག་གནས་ཚུལ་མེད་པ་དང་ཡུལ་སྐོར་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པ་ཡིན། འགྲིམ་འགྲུལ་བདེ་ཞིང་ཁ་ཆར་ཆེ་བའི་ལམ་དུམ་ལ་ཆེད་བསྐོས་མི་སྣ་བཞག་ཡོད། སྐྱེལ་འདྲེན་རླངས་འཁོར་འཁོར་སྐྱོད་རྒྱུན་གཏན་ཡིན་པ་དང་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ལས་གནས་བརྟན་སྲུང་བྱས་ཡོད། ཁ་བ་བབས་པའི་རྐྱེན་གྱིས་ཡུལ་སྐོར་བ་འཚང་ཁ་བྱུང་བའི་གནས་ཚུལ་ཐོན་མེད་ལ་ཡུལ་སྐོར་དོན་རྐྱེན་གང་ཡང་བྱུང་མེད་དོ།།( རྟ་མགྲིན་རྡོ་རྗེས་བསྒྱུར། )