国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀ་ཚེས་ན་བསམ་བྱུང་།

དཔྱིད་ཀ་ཚེས་ན་བསམ་བྱུང་།

ཀ།

ལྷད་མེད་པའི་ན་བུན་ཐར་ཐོར།

རླུང་འཇམ་བུ་ཞིག་གིས་ཁུར་ཏེ།

ཕ་ཡུལ་གྱི་རི་ལ་ཆས་བཞིན་འདུག།

ཕ་ཡུལ་གྱི་སྤང་ལྗོངས་ལ་ཆས་བཞིན་འདུག།

དེ་ཡི་མིང་ལ་དཔྱིད་ཀ་ཟེར།

ཁ།

ནགས་ཚལ་དང་རི་རབ་ཀྱི་གསེབ་ན།

ལྗང་སྨྱུག་གསར་པ་དག་ག་ལེར་འབུས།

དེ་ཡི་མིང་ལ་སོས་ཀའི་འོད་ཟེར་དུ་འབོད།

དགུན་ནམ་རིང་མོ་ཞིག་བསྐྱལ་རྗེས།

དྲོད་ལམ་ལམ་གྱི་དཔྱིད་ཀ་ཚེས་པ་ཡིན།

ང་།

ལོ་ངོ་གང་མང་ལ་དཔྱིད་ཀ་ཡོད་སྲིད།

ང་ལ་དབང་བའི་དཔྱིད་ཀ་ཚེས་ན་བསམ།

ཅ།

བཞུད་སྔ་བའི་ནང་མི་ཞིག་དྲན།

དཔྱིད་ཀ་མཐོང་མ་ཐུབ་པའི་ནང་མི།

ཡང་ན། དཔྱིད་ཀ་འབྲི་མ་མྱོང་བའི་ནང་མི།

དྲན་གྱིན། དྲན་གྱིན། སྙིང་ཤ་ཡམ་ཡོམ་

དུ་འདར་བྱུང་།

ཆ།

རླུང་བསིལ་བསིལ།

ཆར་ཤག་ཤག

རྒྱང་རིང་ནས་ཉེ་བར་བཅར།

དཔྱིད་ཀྱི་དཔལ་མོ་ཕེབས་བྱུང་།

སྒྲ་དབྱངས་ཤིག་ཀྱང་དཀྲོལ་དགོས།

ཇ།

སྨིན་དྲུག་ཁྲ་མོ་ཤར་ནས་ནུབ་ཏུ་རྒྱུ།

སྐར་མ་ཨ་བརྟན་བྱང་ནས་བྱང་ན་རྒྱུ།

དཔྱིད་ཀའི་ཆར་ཟིམ་ཡང་ནས་ཡང་དུ་འབབ།

སྔོ་སྨན་གྱི་དྲི་ཞིམ་འབྲོག་ཐང་ཀུན་ལ་ཁྱབ།

དེ་ནི་དཔྱིད་ཀ་ཚེས་སྟངས་ཤིག་རེད་ཅེས་བཤད།

ཉ།

“སྡུག་བསྔལ་མ་ལུས་བདག་བདེ་འདོད་

ལས་བྱུང་།།”

ཚིག་རྐང་འདི་ལ་འགྲེལ་བཤད་ཅིག་དགོས་

པ་འདྲ།

དཔྱིད་ཀ་ནི་སྡུག་བསྔལ་ཞིག་ཡིན་ལ།

དཔྱིད་ཀ་ནི་བདེ་བ་ཞིག་ཀྱང་ཡིན།

དཔྱིད་ཀ་ནི་བདག་ཉིད་ཡིན་ལ།

དཔྱིད་ཀ་ནི་གཞན་དག་ཀྱང་ཡིན།

གདོང་འབག་ཁྲི་ཕྲག་གི་རྒྱབ་ན་དཔྱིད་ཀ་ཡོད།

ཏ།

སྐྱེ་བོ་གང་མང་ཞིག་རླུང་ལ་དགའ།

སྤོབས་པ་ཆེན་པོས་རླུང་ལ་དགའ་ཟེར་མི་ཕོད།

ལྷག་པར་དཔྱིད་ཀའི་རླུང་ལ་དགའ་ཟེར་མི་ཕོད།

རྒྱུ་མཚན་ནི་འདྲི་རྟགས་ཤིག་ཡིན།

ཐ།

དཔྱིད་ཀ་ལ་མི་དགའ་མཁན་ཏེ་སུ།

དཔྱིད་ཀའི་རླུང་ལ་མི་དགའ་མཁན་ཏེ་སུ།

ད།

ཚེ་རབས་འདིའི་སྡུག་བསྔལ་ཡོད་ཚད་ཀྱང་།

དཔྱིད་ཀའི་སྐྱ་རེངས་དང་འབྲེལ་བ་དམ་ཟབ་ཡོད།

ན།

དཔྱིད་ཀ་ནི་ན་བུན་ལྟ་བུའི་ལག་ཟུང་ཡིན།

མིག་ཆུ་སྤར་མོ་གང་གི་རོགས་འདེགས་ཡིན།

པ།

གོམ་འགྲོས་ཇེ་དལ་དུ་སོང་ཟིན།

ཁོར་ཡུག་ཀྱང་འཁྱག་པར་གྱུར།

དཔྱིད་ཀའི་རྨི་ལམ་དག་ཀྱང་གང་ལ་ཆས།

ཡོད་ཚད་ཀྱང་གློག་བརྙན་འཁྲབ་གཞུང་

དང་འདྲ།

གོ་རིམ་ཙམ་ཡོད་པ་ལས། དངོས་ཡོད་ལར་

ནས་མིན།

ཕ།

མཚན་གྱི་ཁོ་ཧྥེ་ཁང་གི་སྐར་མ་དག།

རོལ་དབྱངས་སྐྱ་བོ་ཞིག་དང་འདྲ།

ངག་མི་འཁྲོལ་བའི་བརྡ་ཆད་དག།

རྐང་མཐིལ་ནས་ཀླད་པའི་སྐྲ་རྩེ་ལ་རྒྱུ།

ནམ་མཁའ་གཡའ་ཇི་ལྟར་དག་ཀྱང་།

སྤྲིན་དཀར་གྱི་རྒྱུ་བ་མེད་ན།

སེམས་ནི་དཔྱིད་འགོ་མ་ཚེས་པ་ཞིག།

བ།

དབུགས་རྩ་དག་ཧལ་ཧལ་གྱིས།

སྨུག་སྤྲིན་དུམ་བུ་རེ་ལ་སྤྲུལ།

རླུང་འཇགས་ཟིན་ཀྱང་།

སྐད་ཆའི་སྣེ་མོ་དག་ཡལ་ཐབས་མི་འདུག།

སྐྱེ་འཆི་དང་ཉི་ནུབ་ཡོད་ཚད་ཀྱང་།

དཔྱིད་འགོའི་སྐར་མ་དག་དང་།

འབྲེལ་བ་དམ་ཟབ་ཡོད།

མ།

གླག་རྒོད་འཕུར་རན་སོང་།

དཔྱིད་ཀྱི་རྒྱལ་མོ་ཕེབས་རན་སོང་།

གར་འགྲོ་མི་ཤེས་པའི་རྣམ་ཤེས་དག་ལ།

གཞིས་མལ་ཞིག་ཀྱང་བཟོ་རན་འདུག་སོང་།

ཙ།

གལ་ཏེ། གལ་ཏེ།

འཆི་ཁའི་ཁ་ཆེམས་ཀྱང་།

ཡིག་ནག་ཏུ་བྲིས་ཟིན་ཚེས།

འཕག་འཚག་རྒྱག་མཁན་མེད་ལ།

མིག་ཆུའི་ཆར་པ་འབབ་མཁན་ཡང་མེད།

ཚ།

གལ་ཏེ། གལ་ཏེ།

འཆི་ཁ་མའི་ཞེ་སྡང་དང་ང་རྒྱལ།

དབུགས་ཁམ་གང་ཡན་ཆོད་ཀྱང་།

རྙི་ནང་རི་དྭགས་བཞིན།

གཟེབ་ནང་གི་བྱིའུ་བཞིན།

རབ་རིབ་མག་མོག་ཏུ་གྱུར་རྗེས།

ཛ།

གལ་ཏེ། གལ་ཏེ།

ལྡེབས་རིས་ངོས་ཀྱི་རི་མོ་ཡོད་ཚད།

ང་གཅིག་པུ་ལ་དབང་ཆོག་གམ།

གངས་ཐང་གི་ཉི་ཟླ་ཡོད་ཚད་ཀྱང་།

ང་གཅིག་པུ་ལ་དབང་ཆོག་གམ།

ཁང་པའི་ཀླད་དུ་གློག་འཁྱུགས་སོང།

དྲན་པ་བརྗེད་མེད་འདི་གང་ལ་ཆས།

ཝ།

གལ་ཏེ། གལ་ཏེ།

ང་ཚོས་སྐད་ཤུགས་ཆེན་པོས།

གླུ་དབྱངས་ལེན་ཆོག་གམ།

གལ་ཏེ། གལ་ཏེ།

དཔྱིད་ཀ་དྲན་པའི།

གླུ་དབྱངས་ཤིག།

ངག་འདར་འདར་དུ་ལེན་ཆོག་གམ།

རྟོག་བཏགས་ཀྱི་འཁྲབ་གཞུང་ཞིག།

བདག་གི་དཔྱིད་ཀར་དགོས་མཁོ་གང་ཡང་མེད།

ཞ།

རྨི་ལམ་དུ་དགེ་ཆོས་རྨིས་མི་འདུག།

རྨི་ལམ་དུ་ལུང་ཤར་བ་རྨིས་མི་འདུག།

རྨི་ལམ་དུ་དཔྱིད་ཀ་རྨིས་འདུག།

དཔྱིད་ཀ་གསར་དུ་ཚེས་པ་རྨིས་འདུག།

ཟ།

བསྐལ་བ་དུ་མའི་རིང་ལ།

ཉི་མ་ཤར་མྱོང་ལ།

མུན་པས་གནག་མྱོང་བའི་ཡུལ་གྲུ་འདི་ལ།

དཔྱིད་ཀ་ཡང་ཡང་ཚེས་ན་བསམ་བྱུང་།

འ།

སྦས་ཡུལ་གྱི་དག་ཞིང་འདི་ལ།

རྨི་ལམ་དུ་ཡང་ཡང་འཁོར་བའི།

དཔྱིད་ཀ་ཞེས་པའི་རྣམ་པ་གསར་པ།

བསྐལ་བའི་ཉི་མ་ལགས་ཚེས་ན་བསམ།

ལྷད་མེད་ཀྱི་བསྡུས་གཟུགས་ཤར་ན་འདོད།

ཡ།

ལོ་འཁོར་གྲངས་མེད།

ལོ་གཅིག་ཟླ་བ་བཅུ་གཉིས།

ཉིན་ཞག་སུམ་བརྒྱ་དྲུག་ཅུ།

དུས་ཚོད་ཉི་ཤུ་རྩ་བཞི།

སྐར་མ་གཅིག་སྟོང་བཞི་བརྒྱར།

དྲན་པའི་སྣེ་མོ་ལྕགས་ཁབ་ལེན་བཞིན།

དཔྱིད་ཀ་ཞེས་པའི་ན་ཚོད་བསུ་ན་འདོད།

ར།

ལོ་ཞིག་གི་དབྱར་ཁ་ཚེས་ན།

ངས་ཟིན་དེབ་ཏུ་དཔྱིད་ཀ་མ་ཚེས་པ་འབྲི་སྲིད།

དཔྱིད་ཀ་མ་ཚེས་པའི་སྔ་རོལ་འབྲི་སྲིད།

རི་རབ་གང་མང་དང་ཆུ་བོ་དུ་མ་འབྲི་སྲིད།

སྲུབས་ཀ་རེ་རེ་དང་གས་བར་རེ་རེ་ནས་

འབྲི་སྲིད།

མགྲིན་པ་ཉག་ཕྲ་བ་དང་སྐེད་པ་ཆད་ལ་ཁད་

དེ་དག་འབྲི་སྲིད།

གཅིག་མ་ཆད་གཉིས་མ་ལྷག་ཏེ་ཆ་ཚང་

ཞིག་འབྲི་སྲིད།

ལ།

ངས་ལག་པ་བསྲིངས་ན་འདོད།

སྒྲུང་ནང་གི་མི་བཞིན་ལག་པ་བསྲིངས་ན་འདོད།

གཅེས་སུ་འོས་པའི་མི་བཞིན་ལག་པ་བསྲིངས་

ན་འདོད།

གཉིད་ལྕོག་རྒྱག་པའི་བྱིས་པ་བཞིན་ལག་

པ་བསྲིངས་ན་འདོད།

མཐོན་པོའི་སྒང་གི་གངས་རི་བཞིན་ལག་པ་

རིང་དུ་བསྲིངས་ན་འདོད།

སྒྱུ་འཕྲུལ་གང་གི་འདུས་མདོ་ནས།

རྡོ་བའི་བྲག་སྟེང་དུ་བཞད་པའི་མེ་ཏོག་ལགས།

དཔྱིད་ཀའི་མདངས་རིས་དང་བཞིན་རས་

ཡིན་ནམ།

ང་དཔྱིད་ཀ་ལ་འཁྲེང་དོན་ཡང་དེ་ཡིན་ལ།

ང་དཔྱིད་ཀ་ལ་ཞེན་ཆགས་བླ་མེད་ཡོད་དོན་

ཡང་དེ་ཡིན།

ས།

གྲིབ་མ་ལགས་ལྗང་ཁུ་གང་ལ་ཆས།

འཆི་བདག་ལགས་ནག་པོ་གང་ལ་ཆས།

དུས་མཐའི་རྨི་ལམ་ལགས་གང་ལ་ཆས།

དཔྱིད་འགོའི་མལ་ཁྲི་ལ་རེ་བ་བག་ཙམ་ཡོད།

ཧ།

རེག་མི་ཐུབ་པའི་ངའི་ཚོར་བ་ཡོད་ཚད།

མྱོང་མི་ཐུབ་པའི་ངའི་རེ་བ་ཡོད་ཚད།

དཔྱིད་ཀ་ལ་ཕུལ་ཟིན།

ཨ།

འབྲེལ་བ་མེད་པའི་ངའི་སྟོང་འདང་སྣ་ཚོགས།

འཐོབ་བྱ་མེད་པའི་ངའི་ཕུགས་བསམ་ཡོད་ཚད།

དཔྱིད་ཀ་ནས་ཆས་སོ།།

ཨི།

རྡོ་གཅལ་སྟེང་ལ་རྩྭ་རྐང་ཞིག་འཁྲུངས་སྲིད་དམ།

ཨུ།

རྡོ་མཁར་གྲུ་བཞིའི་ནང་ལ་མེ་ཏོག་པདྨ་

བཞད་སྲིད་དམ།

ཨེ།

རྟབ་རྟབ་པོར་དཀར་པོ་ཆིག་ཐུབ་འཐུང་

ཐུབ་བམ།

ཨོ།

ཐ་གུ་སྣེ་རིང་ཞིག་ལ་ཟླ་བ་ཉ་གང་བ་

ཞིག་བཏགས་སྲིད་དམ།

༼ ཧུན • དུར་རོ། ༽