国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷག་བསམ་དཀར་པོའི་བྱམས་བརྩེ་ཅན།། རྒན་རྒོན་སྐྱོང་བའི་ཕོ་ཉ་མོ།།

བྲག་མགོ་རྫོང་རྒན་གསོ་ཁང་གི་ལས་སྒྲུབ་པ་བཟང་པོ་བཟང་སྐྱིད་ཀྱི་གནས་ཚུལ་རགས་བཀོད།

བཟང་སྐྱིད་ཀྱིས་རྒན་རྒོན་ཚོར་ཁ་བརྡ་ལབ་བཞིན་པ།

བཟང་སྐྱིད་ཀྱིས་རྒན་རྒོན་ལ་སེན་མོ་གཅོད་བཞིན་པ།

ཟ་མ་བཟའ་རན་འདུག། ངས་དེ་རིང་ཕོ་ལོག་བཟོས་ཡོད་པས་ཁྱེད་ཀྱིས་བྲོ་བ་ཅི་འདྲ་འདུག་བལྟ་རོགས་ཞེས་པའི་སྐད་ཆ་དང་བསྟུན་ནས་བྲག་མགོ་རྫོང་ལྟེ་གནས་རྒན་གསོ་ཁང་གི་ལས་སྒྲུབ་པ་བཟང་སྐྱིད་ཀྱིས་ཉིན་ལྟར་ཞོགས་པ་ཆུ་ཚོད་བརྒྱད་པར་ཕོ་ལོག་དང་ཇ་བསྲུབས་མ་སོགས་རྒན་རྒོན་ཚོར་ཞོགས་ཟས་ཕུན་སུམ་ཚོགས་པོར་དྲངས་ནས་སླར་ཡང་བྲེལ་བ་ཆེ་བའི་ཉིན་མོ་ཞིག་གི་འགོ་བཙུགས་པ་རེད། མོ་ལས་རྐང་དེར་ཞུགས་ནས་ལོ14འགོར་ཡོད་པས་རྒན་གསོ་ཁང་གི་ལས་ཀ་འདི་ཚོ་མོར་མཚོན་ན་ཧ་ཅང་རྒྱུས་མངའ་ཡོད་པ་ཞིག་རེད།

བྲག་མགོ་རྫོང་ལྟེ་གནས་རྒན་གསོ་ཁང་དུ་མི་ཧྲེང་རྒན་རྒོན40ལྷག་བསྡད་ཡོད་ཅིང་། ཁོ་ཚོའི་ཁྲོད་ཀྱི་རྒན་རྒོན་ཁག་གཅིག་ལ་ནད་ཕོག་ནས་ཉལ་སར་ལྷུང་ཡོད་པས་ཟས་དང་སྨན་སྟེར་དགོས་པ་དང་། ད་དུང་རྒན་རྒོན་ཁག་གཅིག་འགྲོ་སྐྱོད་མི་བདེ་བས་འགྲོ་སྐབས་སྐྱོར་མཁན་དགོས་པ་སོགས་རྒན་གསོ་ཁང་གི་ལས་ཀ་ནི་དཀའ་ཚེགས་ཆེ་བ་དང་གླ་ཕོགས་ཉུང་བའི་རྐྱེན་གྱིས་མི་མང་པོ་ཞིག་དང་ཐོག་ལས་ཀ་འདིར་ཞུགས་ནའང་ཡུན་རིང་ཞིག་ལ་རྒྱུན་བསྐྱངས་ཐུབ་ཀྱི་མེད།

རང་འཁྲི་ལས་ལས་གུས་ཤིང་བརྩོན།། རྒན་རྒོན་ཁྱིམ་མི་བཞིན་དུ་བསྐྱངས།།

2009ལོའི་ཟླ་བ11པར་ལོ་ན43ལ་སོན་པའི་བཟང་སྐྱིད་རྒན་གསོ་ཁང་དེའི་དོ་དམ་པར་བདམས་ཐོན་བྱུང་བས། མོས་རང་ཉིད་ཀྱི་རྒྱུད་ན་ཡོད་པའི་སྤྲོ་སེམས་དང་ལས་ལ་བརྩོན་ཅིང་བབ་ཆགས་པ། བསམ་པ་བཟང་བ་བཅས་ཀྱི་ཁྱད་ཡོན་བརྟེན་ཏེ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཅིང་སེམས་ནུས་ཡོད་རྒུས་ལས་ཀར་འབད་པས་རྒན་གསོ་ཁང་གི་ལས་ཀའི་ཁོར་ཡུག་ལ་མྱུར་དུ་གོམས་ལོབ་སོང་བར་མ་ཟད་རྒན་རྒོན་ཚོ་དང་བརྩེ་དུང་ཟབ་མོ་ཡང་ཆགས་པ་རེད།

བཟང་སྐྱིད་ཐོག་མར་རྒན་གསོ་ཁང་དུ་ལས་ཀར་ཞུགས་དུས་ནི་སྤྱི་ལོ2009ཡིན་ལ། རྒན་གསོ་ཁང་གི་རྒན་རྒོན་ཨ་ཁུ་དབྱང་ལགས་ཀྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེར་བཟང་སྐྱིད་ཀྱིས་སྐེ་དཀྲིས་དམར་པོ་ཞིག་དཀྲིས་ནས་འཛུམ་དམུལ་དམུལ་ངང་ང་རང་ཚེས21ཉིན་ལ་རྒན་གསོ་ཁང་དུ་ཇ་མའི་ལས་ཀ་བསྒྲུབ་ཏུ་ཡོང་རྒྱུ་ཡིན་ཞེས་བཤད་བྱུང་། སྐབས་དེར་གླ་ཕོགས་སྒོར600ལས་མེད་ནའང་། མོས་དཀའ་ངལ་ལ་མི་འཛེམས་པར་རྒན་གསོ་ཁང་གི་ལས་འགན་དང་དུ་བླངས། ལོ14ཡི་རིང་ལ་ཇ་མ་དང་ནད་གཡོག་པ། གཙང་སྦྲ་བ་སོགས་ཀྱི་ལས་ཀའི་འགན་འཁུར་བ་དང་། རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་པའི་ངང་སྐྱེལ་ཐུབ་པར་བརྩོན་ཅིང་། འཚོ་བའི་ཁྲོད་དུ་མོས་ངང་རྒྱུད་རིང་པོ་དང་བྱམས་སྙིང་རྗེས་རྒན་རྒོན་ཚོར་ཉིན་ལྟར་དྲོ་སྐྱིད་དང་དགའ་སྤྲོའི་དཔལ་ལ་རོལ་དུ་བཅུག་པ་རེད།

འདས་ཟིན་པའི་དུས་ཚོད་ལ་ཕྱིར་དྲན་བྱེད་སྐབས་བཟང་སྐྱིད་ཀྱིས་སེམས་འགུལ་ཐེབས་པའི་ངང་རྒན་གསོ་ཁང་གི་གཏམ་རྒྱུད་སྙན་མོ་ཞིག་ལྷུག་པོར་བརྗོད་བྱུང་སྟེ། རྒན་གསོ་ཁང་དུ་ང་ཚོར་སེམས་འགུལ་ཐེབས་པ་དང་བརྗེད་དཀའ་བའི་བྱ་བ་མང་པོ་དང་འཕྲད་ཀྱིན་ཡོད། ལོ་ཁ་ཤས་སྔོན་དུ་རྒན་རྒོན་ཞིག་ལ་ནད་ཕོག་ནས་ལོ་གཉིས་རིང་ཉལ་སར་ལྷུང་བ་རེད། ང་དང་ལས་རོགས་ཞིག་གིས་ཉིན་ལྟར་ཁོའི་རྒྱུན་ལྡན་གྱི་འཚོ་བར་ལྟ་སྐྱོང་བྱས་ཐོག་རྒྱུན་དུ་ཁོ་དང་ཁ་བརྡ་ལབ་བཞིན་ཡོད། ངེད་གཉིས་ཁྱིམ་མཚེས་ཡིན་པས་ཁོ་ལ་དགོས་མཁོ་ཅི་ཡོད་ན་ངས་དེ་མ་ཐག་ཤེས་ཀྱི་ཡོད་ལ་ཁོའི་རེ་འདོད་ཀྱང་དུས་ཐོག་བསྐངས་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོ་ཕན་ཚུན་ལ་ནང་མི་དང་འདྲ་བའི་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད། ཉིན་ཞིག་ངས་ཁང་པའི་སྒོ་ཕྱེ་པ་ན་རང་ཉིད་ཀྱི་མིག་མདུན་དུ་གནས་ཚུལ་ཧང་སངས་པ་ཞིག་བྱུང་བ་སྟེ། ལོ100ལ་སོན་པའི་རྒན་རྒོན་དེ་ངའི་ཁང་པའི་ཕྱི་རོལ་དུ་ལངས་ནས་ངོ་གདོང་འཛུམ་དམུལ་དམུལ་གྱིས་ལོ་འདི་ཚོའི་རིང་ལ་ཁྱོད་ཀྱིས་སེམས་ཁུར་དང་ལྟ་སྐྱོང་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ངས་སྐད་ཆ་དེ་མ་བཤད་ན་རྗེས་མར་ཁྱོད་ལ་བཤད་རྒྱུའི་གོ་སྐབས་ཡོད་རྒྱུ་མ་རེད་ཟེར། ཕྱི་ཉིན་རྒན་རྒོན་དེར་གློ་བུར་དུ་གྲིབ་ཕོག་ནས་དུས་ཐོག་ཏུ་མྱུར་སྐྱོབ་བྱས་རུང་མ་ཕན་པར་མཚན་གུང་ཆུ་ཚོད་གཉིས་པར་མི་ཡུལ་ལས་གཏན་དུ་བྲལ་སོང་། འདས་དོན་དེ་དྲན་ཐེངས་རེར་ངའི་སེམས་པ་བརྗོད་དཀའ་བའི་ཚོར་སྣང་ཞིག་གིས་མནར་བཞིན་འདུག།

བཟང་སྐྱིད་ལ་ད་དུང་བརྗེད་ཐབས་བྲལ་བའི་དོན་དག་ཅིག་ཡོད་པ་ནི། ལོ62ལ་ལོན་པའི་རྒན་རྒོན་བློ་གྲོས་ཚེ་ལས་འདས་ཁར་བཟང་སྐྱིད་ཟུར་དུ་བོས་ནས་སྒོར900ཡོད་པའི་ཁུག་མ་ཆུང་ངུ་ཞིག་བཟང་སྐྱིད་ལ་སྤྲད་པ་རེད། འདང་

ཁ་འཇམ་ཚིག་འཇམ་ལག་བྱམས་ཀྱིས།། རྒན་རྒོན་སེམས་ལ་དགའ་བདེ་བྱིན།།

བརྒྱབ་ན་ངས་ཁྱོད་ཀྱི་སྐྱེས་སྐར་བསུ་བར་བསྒུག་ཐུབ་རྒྱུ་མ་རེད། ཁྱོད་ཀྱིས་ང་ལ་བྱམས་སྐྱོང་དེ་འདྲ་ཡག་པོ་བྱས་ཀྱང་ངས་དྲིན་ལན་འཇལ་མ་ཐུབ་ཐལ། སྒོར་མོ་འདིའི་ཆ་ཤས་ཤིག་གིས་ངའི་འདས་མཆོད་སྒྲུབ་རོགས། དངུལ་ལྷག་མ་ཁྱོད་ཀྱི་སྐྱེས་སྐར་ལ་ཕུལ་བའི་ལེགས་སྐྱེས་ཡིན་ཞེས་བཤད་ཚར་རྗེས་བློ་བདེ་བདེའི་ངང་ཚེ་ལས་འདས་པ་རེད།

བཟང་སྐྱིད་ཟེར་བའི་མིང་དེ་མི་མང་པོ་ཞིག་ལ་མཚོན་ན་རྒྱུས་མངའ་དེ་ཙམ་མེད་མོད། འོན་ཀྱང་། བྲག་མགོ་རྫོང་རྒན་གསོ་ཁང་གི་རྒན་རྒོན་ཚོའི་ངོས་ནས་བརྗོད་ན་བཟང་སྐྱིད་ནི་ཁོ་ཚོའི་མི་ཚེའི་ཁྲོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་མི་ཞིག་ཡིན་པ་རེད། བྲེལ་ཟིང་ཆེ་བའི་དེང་རབས་སྤྱི་ཚོགས་འདིའི་ཁྲོད་དུ་རྒན་རྒོན་ཚོར་དུས་ཚོད་དང་ཕྱིར་དྲན་ཙམ་ལས་དབེན་པའི་དུས་འདིར། ལས་དབང་ངམ་བསོད་ནམས་གང་ཞིག་གི་རྐྱེན་ལས་ཏག་ཏག་བཟང་སྐྱིད་ཁོ་ཚོའི་འགྲམ་དུ་སླེབས་པས་རྒན་རྒོན་ཚོས་སྔར་བས་ཞིབ་ཕྲ་ལ་དྲོད་ལམ་ལམ་གྱི་སེམས་ཁུར་དང་དྲོད་སྐྱིད་ཚོར་ཐུབ་ཡོད། འདས་ཟིན་པའི་ལོ14ཡི་ནང་བཟང་སྐྱིད་ཀྱིས་རྒན་རྒོན་མང་པོ་ཞིག་ལྟ་སྐྱོང་གང་ལེགས་བྱས་ནས་ཚེ་སྲོག་གི་དུས་ཚོད་མཐའ་མ་བདེ་ལྷོད་ལྷོད་ངང་བསྐྱལ་རོགས་བྱས་པ་དང་ཆབས་ཅིག་སེམས་འགུལ་ཐེབས་པའི་གཏམ་རྒྱུད་གང་མང་ཡང་ས་འདིར་བཞག་ཡོད།

རྒན་གསོ་ཁང་ནི་བཟང་སྐྱིད་ཀྱི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། མོས་ཁྱིམ་གྱི་ལས་ཀ་ལས་རྒན་གསོ་ཁང་གི་རྒན་རྒོན་ཚོར་སེམས་ཁུར་ཆེ་བ་བྱེད་བཞིན་ཡོད། རང་ཁྱིམ་དུ་རྐུ་མ་ཤོར་ནས་སྒོར་སྟོང་ཕྲག་བརྒྱད་བོར་ཡང་མོའི་སེམས་སུ་འཁོར་བ་ནི་བུ་ཕྲུག་གི་བྱམས་སྐྱོང་དང་བྲལ་བའི་རྒན་གསོ་ཁང་གི་རྒན་རྒོན་ཚོའི་ལས་དབང་དེ་ཡིན།བློ་གཅིག་སེམས་གཅིག་གིས་རྒན་རྒོན་ཚོར་སྲི་ཞུ་སྒྲུབ་པའི་བཟང་སྐྱིད་ལྟ་བུ་ནི་དུས་རབས་འདིའི་ནང་ཉིན་མོའི་སྐར་མ་ལྟ་བུ་ཅི་ལ་མིན། བཟང་སྐྱིད་རྒན་གསོ་ཁང་དུ་སླེབས་པ་ནས་རྒན་གསོ་ཁང་ལ་ལྷག་བསམ་དང་བྱམས་སྐྱོང་གི་དྲོད་ཁོལ་གཞན་ཞིག་འཁྱིལ་བྱུང་ལ། རྒན་རྒོན་ཚོ་ལ་སྤྲོ་སྐྱིད་དང་བདེ་སྣང་གི་སེམས་ཁམས་ཤིག་ཀྱང་བསྩལ་ཐུབ་ཡོད།

ལོ་སར་དང་དུས་ཆེན་སྐབས་སུ་བཟང་སྐྱིད་དང་རྒན་རྒོན་ཚོས་མཉམ་དུ་དུས་ཆེན་རོལ་བཞིན་ཡོད་ལ། ལོ་མང་རིང་དཀའ་ངལ་ལ་མ་འཛེམས་ནས་རང་འཁྲིའི་ལས་དོན་ལ་འབད་འབུངས་བྱས་པར་བརྟེན། བཟང་སྐྱིད་དང་རྒན་རྒོན་ཚོའི་བར་གཉེར་ཉེ་ལྟ་བུའི་བརྩེ་སེམས་ཞིག་ཆགས་ཡོད། མོས་སྒེར་སེམས་མེད་པར་རྒན་རྒོན་ཚོར་བྱམས་སྐྱོང་བྱེད་པའི་སྤྱོད་བཟང་ཡུལ་དེ་གའི་གཞོན་སྐྱེས་མང་པོར་མིག་དཔེ་ཡག་པོ་བསྟན་ཡོད་ཅིང་། མང་ཚོགས་དང་ནང་མི་ཀུན་གྱི་རྒྱབ་སྐྱོར་བླ་ལྷག་ཏུ་ཐོབ་པ་རེད།

ད་ཆ་རྒན་གསོ་ཁང་དེར་ནད་གཡོག་པ5དང་ཇ་མ2ཡོད་ཅིང་། བཟང་སྐྱིད་ཀྱིས་སྣེ་ཁྲིད་བྱས་འོག་རྒན་གསོ་ཁང་དེར་ཁྱིམ་ལྟར་དྲོད་ཁོལ་འཛོམས་ཡོད། འབྱུང་འགྱུར་གྱི་སྐོར་གླེང་བའི་ཚེ་བཟང་སྐྱིད་ཀྱིས་རྒན་རྒོན་ཚོར་ཞབས་ཕྱི་ཞུ་བ་ནི་ངའི་ལས་འགན་རེད་ལ། དེ་ལས་ཀྱང་རྒན་རྒོན་ཚོའི་ཚེ་མཇུག་ལ་འཚོ་བ་བདེ་ཞིང་སྐྱིད་པའི་ངང་རོལ་ཐུབ་པ་ཡོང་བ་ནི་ངའི་དམིགས་འབེན་ཡང་ཡིན་ཞེས་བག་ཆགས་ལ་དྲང་ཞིང་བདེན་པའི་སྐད་ཆ་དེ་བཤད་པ་རེད།།

( བདེ་ཆེན་དབང་མོས་བྲིས།)