国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་དཔལ་མོ།

དཔྱིད་ཀྱི་རྒྱལ་མོ་ཁ་བའི་ལྗོངས་སུ་འཕོས། །

རང་བྱུང་སྐྱེ་དངོས་གསོན་ཤུགས་རྒྱས་ཏེ་འབུས། །

སྣང་བའི་རི་མོ་མི་རྟག་འཚུབ་ཆ་ལེར། །

འཁྱུག་ཙམ་བྱས་ཏེ་མིག་ལམ་ཡལ་ནས་འགྲོ། །

གསེར་ལྡན་སྒེག་མོ་རབ་དཀར་རྡུལ་གྱིས་གཡོགས། །

ཡིད་འོང་ལོ་འདབ་སྨྱུ་གུ་འབུས་འགོ་བརྩམས། །

བྱ་དང་བྱེའུའི་མགྲིན་པའི་སྒྲ་དབྱངས་ལས། །

ལྗང་མདོག་ལྡན་པའི་དུས་ཤིག་རེ་སྒུག་བྱས། །

མིག་ཟུང་རྒྱང་ལ་ཕྱོགས་པའི་རབ་བྱུང་གིས། །

ཀྱག་ཀྱོག་ཆེ་བའི་མདུན་གྱི་ལམ་བུ་བརྒལ། །

རེ་བ་དང་བཅས་ཨམ་གཙིགས་སྡོམ་བཞིན་དུ། །

མི་ཡི་མི་ཚེ་རིན་ཐང་འཚོལ་བཞིན་མཆིས། །

དུས་ཀྱི་རང་མདངས་གློ་བུར་མིག་ནང་ལྷུང་། །

ལོ་ཟླའི་འགྲོས་ནི་རྟ་ཕོ་ལས་ཀྱང་མགྱོགས། །

འདས་སོང་བྱེ་མའི་ཐང་གི་རྐང་རྗེས་ནི། །

སྒྱུ་མའི་བ་གླང་ཆུ་ཁར་འདེད་དང་མཚུངས། །

འཚོ་བའི་རི་མོ་ཕྱི་གསལ་ནང་གསལ་ཏེ། །

དཔེ་མང་ཚལ་ནས་མི་ཚེ་སྙིང་པོ་འཚོལ། །

གཞན་གྱི་བདེ་སྡུག་ངག་ལ་འགུགས་བཞིན་དུ། །

ལམ་གྱི་མེ་ཏོག་འཐུ་བཞིན་འཐུ་བཞིན་འགྲོ། །

ཐོད་པའི་རི་མོ་གང་དུ་རྒྱུག་མིན་དང་། །

ཚེ་ཡི་སྐུད་པ་ནམ་ཆད་མི་རྟོགས་ཀྱང་། །

ཐག་ཐག་འགུལ་བའི་དུས་ཀྱི་སྒྲར་ཉན་ནས། །

ཞི་བ་ཆེན་པོ་ངང་ལ་རྟག་ཏུ་འབད། །

༼ རི་སྤྱང་། ༽

ཆར་སྤྲིན།

དེ་དགོང་གི་ཆར་ཟིམ།

ཚེ་སྲོག་གི་ཆེས་གཉོམ་ས་རུ་འབབ།།

ཤིན་ཏུ་རྒྱུས་མེད་ཀྱི་ངོ་གདོང་མང་པོ

སྲང་ལམ་གྱི་བཞི་མདོ་ནས་རླུང་བུ་དང་།

ལྷན་དུ་གང་སར་རྒྱུ།

ཆར་ཟིམ།

འདི་ནི་དཔྱིད་འགོའི་མེ་ཏོག་ཐོག་མ་སྟེ།

ང་ཡི་སྙིང་ཉེའི་ཕྱོགས་སུ་བབས་ན་བསམ།

བབས་ཏེ་ཁྱེད་ཀྱིས་མྱོང་རྒྱུ་བྱུང་ན་བསམ།

མྱོང་བའི་སྙིང་གཏམ་ཆར་སྤྲིན་དེ་ག་ལ་

བསྐུར་ནས་སླར་ཡང་འདི་གར་འཇོ་ན་བསམ།

༼ ཕུན་ཚོགས་བཀྲ་ཤིས། ༽

དཔྱིད་

ཀ།

གནམ་སྔོན་པོའི་གཡའ་དག་ཀྱང་།

ཉི་མ་ད་དུང་མ་ཤར།

སྙིང་མཆོང་རི་སྨུག་པོའི་དབུ་རྩེར།

སྔར་བཞིན་མུན་པ་ནག་སྟུག་གེར་འཁྲིགས།

ས་དོག་མོའི་མཐིལ་དྲོས་ཀྱང་།

མྱུ་གུས་ས་གཞི་ད་དུང་མ་བརྟོལ།

ཁུ་སིམ་པའི་ཁེར་རྐྱང་གི་འཁྱག་རི།

སྔར་བཞིན་ཀྲོང་ངེར་འགྱིང་།

ཆར་བསིལ་མས་གཏིང་སེར་བསླངས་ཀྱང་།

མེ་ཏོག་ད་དུང་མ་བཞད།

རེ་ཞིང་བསྒུགས་པའི་ནེའུ་གསིང་དུ།

སྔར་བཞིན་དགུན་ཁ་གཞན་ཞིག་ཚེས།

སྙིང་ཉེ།

དཔྱིད་ཀ་བསླེབས་ཀྱང་།

དཔྱིད་དཔལ་སླར་བཞིན་ཚེས་མ་བྱུང་།

༼ གཞི་ཚང་ཟླ་བ་གྲགས་པ། ༽