国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་འོང་ཁམ་ བུའི་མེ་ཏོག།

དཀར་དམར་མདངས་ཀྱིས་མཛེས་པའི།།

ཡིད་འོང་ཁམ་བུའི་མེ་ཏོག།

བཅུ་དྲུག་ལང་ཚོས་ཕྱུག་པའི།།

བུ་མོའི་ཞལ་རས་འདྲ་བྱུང་།།

མཛེས་སྡུག་ཁམ་བུའི་སྡོང་པོའི།།

ཡལ་གའི་ཡལ་ག་འཁྱུད་དུས།།

ན་ཆུང་ལུས་ཕྲ་འཁྱུད་པའི།།

ངང་ཚུལ་དེ་ཡང་དྲན་བྱུང་།།

འདབ་མ་ཆར་ཟིལ་ཁྲོམ་མེར།།

ཁམ་བུའི་མེ་ཏོག་བཞད་དུས།།

ལང་ཚོའི་གཟི་དཔལ་རྒྱས་པའི།།

མི་མོ་ཡིད་ལ་ལྷུང་བྱུང་།།

འཇམ་མཉེན་འདབ་མ་རེ་རེ།།

འཛུམ་པའི་ཚུལ་གྱིས་གད་དུས།།

མིག་ཟུང་རི་དྭགས་འདྲོག་འདྲའི།།

ན་ཆུང་བུ་མོ་དྲན་བྱུང་།།

ཁམ་བུའི་མེ་ཏོག་བཞད་ནས།།

དྲི་བསུང་གང་སར་ཁྱབ་དུས།།

ལྷན་སྐྱེས་དྲི་བཟང་ལྡན་པའི།།

སྐེད་མེད་མ་དེ་དྲན་བྱུང་།།

༼ རྡོ་རྗེ་ཐར་ལམ། ༽