国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དལ་གྱིས་ལྡང་བའི་དཔྱིད་རླུང་།

ཤར་གྱི་སྐྱ་རེངས་རྒྱ་ཕིབས་མདངས་དང་འདྲེས།།

མཚོ་ཁའི་སྨུག་པ་རི་ལུང་ཀུན་ཏུ་ཉུལ།།

དཔྱིད་ཀྱི་རླུང་བུ་དལ་གྱིས་ལྡང་ཙ་ན།།

མཁར་གྱི་དྲིལ་བུའི་ཆོས་སྒྲ་སིལ་སིལ་གྲག།

དཔྱིད་དཔལ་འཛུམ་ཞལ་གྲོལ་བར་མ་མཐོང་ཞིང་།།

སྟོན་འཇུག་སྡོང་ལོ་འཐོར་བར་མ་ཚོར་ཡང་།།

དལ་གྱིས་ལྡང་བའི་དཔྱིད་ཀྱི་རླུང་གསེབ་ཏུ།།

དམ་ཚིག་འདུན་མ་ཅན་གྱི་རེ་སྒུག་ཡོད།།

ཟིལ་བ་ཁུར་བའི་ཞོགས་པའི་མེ་ཏོག་དང་།།

ཉི་འོད་ཕོག་པའི་གངས་ཀྱི་ར་བ་སོགས།།

འཇམ་སྙན་དལ་གྱིས་ལྡང་བའི་དཔྱིད་རླུང་གིས།།

དུས་ཀྱི་ཉི་གཞོན་གསར་པའི་མཚར་སྡུག་བསྐྲུན།།

མཁའ་ཡི་ཟླ་བའི་འོད་མདངས་ལམ་མེར་གསལ།།

ཐང་གི་མེ་ཏོག་དྲི་བསུང་ཕྱོགས་ཀུན་ཁྱབ།།

དལ་གྱིས་ལྡང་བའི་དཔྱིད་རླུང་དང་མཉམ་དུ།།

ལྷིང་འཇགས་མཚན་ལྗོངས་ཤིག་ལ་ཡིད་སེམས་འཕྲེང་།།

དབུས་ཀྱི་རྒྱ་མཚོའི་རླབས་ཕྲེང་ཡོལ་བས་འཕྱོར།།

ས་ཡི་རྩི་ཤིང་མགོ་ལྕོག་ལྡེམ་ལྡེམ་གཡོ།།

ནགས་ཀྱི་ཙན་དན་ལྗོན་པའི་ལོ་མ་ཡང་།།

དལ་གྱིས་ལྡང་བའི་དཔྱིད་རླུང་མཉམ་དུ་སྤུར།།

བྱེའུ་ཆུང་འཇོལ་མོའི་གཤོག་ཟུང་ལྷོ་རུ་བརྐྱངས།།

འདབ་ལྡན་མེ་ཏོག་དྲི་བསུང་སྤང་དུ་འཐུལ།།

དཔྱིད་ཀྱི་རླུང་བུ་དལ་གྱིས་ལྡང་ཐེངས་རེར།།

དབུགས་ཅན་རྒྱུ་བའི་སེམས་སུ་ཚོར་སྣང་སྦྱིན།།

དགུང་གི་སྤྲིན་པ་རི་ལུང་མཉམ་དུ་འདྲེས།།

དུང་གི་འོད་མདངས་ས་ཆེན་ཁྱོན་ཡོངས་བཀབ།།

དལ་གྱིས་ལྡང་བའི་དཔྱིད་རླུང་སྙན་འཇེབས་ཀྱིས།།

གངས་ཀྱི་སེང་གེའི་ངར་སྐད་གནམ་ས་འགེངས།།

རླུང་འཚུབ་སེར་བུས་མཛེས་ཉམས་མ་བཅོམ་ཞིང་།།

འཇིགས་རུང་སྲིན་པོས་ལྷིང་འཇགས་མ་དཀྲོགས་པར།།

ཡུན་རིང་དལ་གྱིས་ལྡང་བའི་དཔྱིད་རླུང་འདི།།

རྒྱུན་འབབ་གཙང་པོའི་འགྲམ་གྱི་རྨི་ལམ་ཡིན། །

༼ རུས་རྐང་དྭངས་མ། ༽