国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་སྨྲེང་བ།

དཔྱིད་རླུང་བསིལ་མོ་དལ་བུ་ལྡང་འགོ་བརྩམས།།

གངས་ངོགས་ཁ་བའི་མཐུག་ཚད་ཇེ་སྲབ་འགྱུར།།

སྡོང་འགོར་གཡུ་ཡི་ལྕུག་ཕྲན་རྒྱན་སྤུད་པའི།།

ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།

གངས་ཆུ་སྔོན་མོའི་འགྱུར་ཁུག་ཇེ་དྲག་ལྷན།།

བྱ་བྱིའུ་དགའ་བའི་ཉམས་འགྱུར་གཤོག་རྩལ་ངོམས།།

རྩྭ་གསེབ་ལྗང་སྔོན་གསང་བའི་འཛུམ་སྟོན་པའི།།

ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།

མཚེ་འུ་འཁྱག་རོམ་གོས་ཆེན་ཐོལ་གྱིས་ཕུད།།

རླུང་གིས་བསྒུལ་བའི་ཆུ་གཉེར་ལང་ལོང་བར།།

ངང་ངུར་ཁྱུ་ཚོགས་རྩེད་འཇོ་ལ་གཡེང་བའི།།

ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།

སེར་ཆེན་མེ་ཏོག་རུམ་ཁ་ལྷོད་པོར་གྲོལ།།

ཆར་ཟིལ་མུ་ཏིག་དོ་ཤལ་བྲང་ལ་དཔྱངས།།

རྐང་དྲུག་མ་བུ་དལ་མེད་འདུ་ལྷོང་གི།།

ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།

ཉམས་དགའི་དུས་ཀྱི་འགྱུར་བག་རེ་རེ་ལ།།

འཁྲེན་ཧྲེང་ལྕི་བའི་འཁྱམས་པོ་ང་རང་གི།།

ལུས་ཀྱི་ལྷུ་ལག་རྒྱང་དུ་གནས་མོད་ཀྱང་།།

སེམས་ཀྱི་སྲབ་ཁ་ཡང་ཡང་ཕ་ཡུལ་ཕྱོགས།།

༼ གསོན་འདྲེ། ༽