国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭར།

སྒྲིག་ལམ་སྦྱོང་བ་ནས་འགོ་བཙུགས་པ་རྒྱུན་འཁྱོངས་ཏེ་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱས་ནས། སྒྲིག་ལམ་སྦྱོང་ཤེས་དམ་སྲུང་ཧུར་ཐག་བྱ་དགོས་ཞེས་གསུངས།

ཧོང་ཆང་དང་ཧྲི་ཞའོ་ལིན་་ཞུགས་ཡོད།

སྤྱི་ཟླ4ཚེས14ནས16ཉིན་བར། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཏང་གི་སྒྲིག་ལམ་སློབ་སྦྱོང་དང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཁྲེང་ཏུའུ་རུ་འཚོགས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་རང་གི་ངོས་འཛིན་དང་མྱོང་ཚོར་སྐོར་གླེང་བ་དང་འབྲེལ་སློབ་མཇུག་བསྒྲིལ་བའི་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་སྒྲིག་ལམ་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཅིང་། ཏང་ཀྲུང་དབྱང་གི《བརྡ་ཐོའི》བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། སྒྲིག་ལམ་སྦྱོང་བ་ནས་འགོ་བཙུགས་པ་རྒྱུན་འཁྱོངས་ཏེ་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱེད་ཅིང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》ཇི་མ་ཇི་བཞིན་སྦྱོང་བ་དང་། ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། སྤྱོད་གཙང་སྒྲིག་ལམ། མང་ཚོགས་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས“སྒྲིག་ལམ་དྲུག་”གི་གཙོ་དོན་དང་གཏན་འབེབས་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་སྒྲིག་ལམ་སྦྱོང་ཤེས་དམ་སྲུང་ཧུར་ཐག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྲི་ཞའོ་ལིན་དཔེ་ཀློག་འཛིན་གྲྭར་ཞུགས།

ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭ་ལ་རང་ངོས་སློབ་སྦྱོང་དང་། ཚོ་ཆུང་བགོས་ནས་ཞིབ་བཤེར། ཆེད་དོན་ཟུར་ཁྲིད། གཅིག་བསྡུས་བགྲོ་གླེང་བཅས་ཀྱི་བྱེད་སྟངས་སྤེལ་ཡོད། དཔེ་ཀློག་འཛིན་གྲྭ་བཙུགས་རིང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་གནང་བ་དང་། དེར་ཞུགས་བློ་མཐུན་ཚོ་སོ་སོས་ངོས་འཛིན་དང་མྱོང་ཚོར། ཕྱིན་ཆད་ཀྱི་འཆར་གཞི་སྐོར་གླེང་ཡོད། དཔེ་ཀློག་འཛིན་གྲྭར་གཅིག་བསྡུས་སློབ་སྦྱོང་བྱས་ནས་ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་གལ་ཆེན་རང་བཞིན་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་བཞག་ཅིང་དེ་ལས་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་ཆེ་རུ་སོང་ཞིང་། ཏང་གི་སྒྲིག་ལམ་སྒྲིག་སྲོལ་ནི་ཅི་ཞིག་ཡིན་པ་དང་། ཅི་ཞིག་བྱེད་ཆོག་པ། ཅི་ཞིག་བྱེད་མི་ཆོག་པ་བཅས་སྔར་ལས་གསལ་པོར་ཤེས་ཡོད་པས། སྒྲིག་ལམ་སློབ་གསོ་ཟབ་མོ་དང་ཏང་གཤིས་སྦྱོང་བརྡར་ནན་མོ་ཐེངས་གཅིག་ཐེབས་བྱུང་ཞེས་ཚང་མས་རྒྱ་ཁྱབ་ཏུ་ངོས་འཛིན་བྱས་ཡོད། ཚང་མས་སྒྲིག་ལམ་སྦྱོང་ཤེས་དམ་སྲུང་ཐད་ཤུགས་བརྒྱབ་ནས། སྒྲིག་ལམ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། རང་ངོས་གཅུན་ཤུགས་དང་འགོག་སྲུང་ནུས་པ་ཆེ་རུ་གཏོང་ཞིང་། མཐའ་གཅིག་ཏུ་བློ་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཝང་ཞའོ་ཧུའེ་ཡིས་ངོས་འཛིན་དང་མྱོང་ཚོར་སྐོར་གླེང་སྐབས་ཏང་གི་སྒྲིག་ལམ་ནི་ཏང་གི་སྲོག་རྩ་ཡིན་པ་དང་སྒྲིག་ལམ་ནན་པོ་ནི་ཏང་གི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་སྲུང་འཛིན་གྱི་འགན་ལེན་གལ་ཆེན་ཞིག་རེད། ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་རྒྱག་པ་ནི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་དང་། ཏང་གི་ངོ་བོ་དང་རྒྱུ་སྤུས་མི་འགྱུར་བའི་འགན་ལེན་ནུས་ལྡན་ཞིག་ཡིན་ལ། ཏང་གི་གསར་གཏོད་ནུས་པ་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བར་འགན་ལེན་གྱི་བྱེད་ཐབས་ནུས་ལྡན་དང་ཐབས་མཆོག་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་བྱ་དགོས་པ་ཏང་གི་ལོ་རྒྱུས་ཉམས་མྱོང་དང་དུས་རབས་གསར་པའི་ལག་ལེན་ལས་མངོན་ཡོད།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་དང་འཕྲད་ན་ཕྲག་ཏུ་འཁུར་བའི་ལས་འགན་དེ་ཙམ་གྱིས་དཀའ་ཚེགས་ཆེ་བའི་ཚེ། སྒྲིག་ལམ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་སུ་གཞག་དགོས་པ་དང་སྒྲིག་ལམ་རང་བཞིན་ཆེ་རུ་གཏང་དགོས་པ་དེ་བས་ནན་བཤད་བྱ་དགོས། ཐེངས་འདིའི་ཏང་གི་སྒྲིག་ལམ་སློབ་སྦྱོང་དང་སློབ་གསོ་ནི་སྒྲིག་ལམ་སྦྱོང་བ་ནས་འགོ་བཙུགས་ཏེ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ལམ་འཛུགས་སྐྱོང་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་བ་དང་། ཏང་མི་དང་ལས་བྱེད་པ་རྒྱ་ཆེན་གྱི་སྒྲིག་སྲུང་རང་རྟོགས་ཆེ་རུ་གཏོང་བ། སྤྱོད་ཤེས་གཅུན་ཤེས་དང་གང་གསུང་དེ་སྒྲུབ། སྒྲིག་ལམ་དམ་ནན་གྱིས་ཏང་ཡོངས་ཀྱིས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཚད་མཐོན་པོ་ཡོང་བར་འགན་ལེན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་དགོས།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། ཆབ་སྲིད་སྒྲིག་ལམ་ནི་ཏང་གི་ཆེས་རྩ་བ་དང་ཆེས་གལ་ཆེ་བའི་སྒྲིག་ལམ་ཞིག་ཡིན་པས་ངེས་པར་དུ་སྒྲིག་སྲོལ་བརྩི་སྲུང་གི་ཁྲོད་དུ་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་བསྐྱངས་ཤིང་། ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་ཏང་ལ་ལྷག་བསམ་རྣམ་དག་བྱ་དགོས། རྩ་འཛུགས་སྒྲིག་ལམ་ནི་ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་འཐབ་འཛིང་ནུས་པ་རྒྱུན་འཁྱོངས་པའི་གཞི་རྩའི་ཆ་རྐྱེན་ཡིན་པས། ངེས་པར་དུ་སྒྲིག་སྲོལ་བརྩི་སྲུང་གི་ཁྲོད་དུ“དང་ལེན་བཞི་”ལག་ལེན་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་གོམ་སྟབས་གཅིག་གྱུར་ཡོང་བ་བྱ་དགོས། སྤྱོད་གཙང་སྒྲིག་ལམ་ནི་ལས་བྱེད་པ་སྤྱོད་གཙང་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་སྤྱོད་གཙང་བཅས་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྒྲིག་སྲོལ་བརྩི་སྲུང་གི་ཁྲོད་དུ་མཐིལ་ཚད་བརྟན་སྲུང་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་ཞབས་དང་སྤྱོད་གཙང་དྭངས་གཙང་ཡོང་བ་བྱ་དགོས། མང་ཚོགས་ཀྱི་སྒྲིག་ལམ་ནི་ཏང་གི་སྔོན་ཐོན་རང་བཞིན་གྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྒྲིག་སྲོལ་བརྩི་སྲུང་གི་ཁྲོད་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཟོ་བ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་སེམས་ཁུར་དང་བདེ་སྐྱིད་བསྐྲུན་དགོས། ལས་ཀའི་སྒྲིག་ལམ་ནི་ཏང་གི་ལས་དོན་ཁག་རྒྱུན་ལྡན་ངང་སྤེལ་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྒྲིག་སྲོལ་བརྩི་སྲུང་གི་ཁྲོད་དུ་འགན་འཁྲི་འཁུར་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་ལས་བརྩོན་དང་འགན་འཁུར་ལས་སྒྲུབ་བྱ་དགོས། འཚོ་བའི་སྒྲིག་ལམ་ནི་ཏང་མིས་རྒྱུན་ལྡན་གྱི་འཚོ་བ་དང་སྤྱི་ཚོགས་འགྲོ་འོང་སྐབས་བརྩི་སྲུང་བྱ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པས། ངེས་པར་དུ་སྒྲིག་སྲོལ་བརྩི་སྲུང་གི་ཁྲོད་དུ་བསམ་པའི་འཁྱེར་སོ་བཟང་པོ་སྐྱེད་ཅིང་སྲིང་བ་དང་། ཐོག་མཐའ་བར་གསུམ་དུ་གཞུང་དྲང་སྤྱོད་གཙང་དང་དྲང་བདེན་ཚུལ་མཐུན་ཡོང་བ་བྱ་དགོས།

དཔེ་ཀློག་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་མཛད་སྒོར་ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་རིམ་པའི་ཏང་མི་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་དང་མགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ལམ་སློབ་སྦྱོང་དང་སློབ་གསོ་མཐར་ཕྱིན་དོན་ལ་གནས་པ་སྤེལ་བར་བླང་བྱ་བཏོན་པ་རེད། ཁོང་གིས་སློབ་སྦྱོང་གི་གཙོ་གནད་དམ་འཛིན་དང་། གནད་དོན་ཁྲིད་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས། ཕན་འབྲས་དངོས་ཐོན་པར་སྣང་ཆེན། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཏང་གི་སྒྲིག་ལམ་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་སྲིད་ཆེན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་ཅིང་། འབྲེལ་གཏུག་ལས་བགོས་ལས་དོན་སྔར་བས་ལེགས་པར་བསྒྲུབས་ནས“ཕྱོགས་གཉིས་ཆ་ནས་དམ་འཛིན་དང་ཕྱོགས་གཉིས་ཆ་ནས་སྐུལ་སྤེལ”ཏན་ཏིག་བྱ་དགོས་ཞེས་བསྟན་པ་རེད།།

ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དཔེ་ཀློག་འཛིན་གྲྭར་ཟུར་དུ་ཞུགས་ཡོད།།

( སྐལ་ཐུབ་ཀྱིས་བསྒྱུར།)