国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་རྒྱལ་ནང་གི་ཆེས་ཐོག་མའི་ས་བབ་མཐོ་བའི་ཆེས་མཐོ་གློག་གི་གློག་སྒྱུར་སྒྲིག་སྦྱོར་བྱས།

སྤྱི་ཟླ4པའི་ཚེས15ཉིན་ལ། རྒྱལ་ཁབ་གློག་དྲྭས་སྐྲུན་བཞིན་པའི་ཁྲོན་ཁྲུང་ཆེས་མཐོ་གློག་གི་སྤེལ་རེས་ལས་གྲྭ་དཀར་མཛེས་ཁུལ་གྱི་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས་གསར་སྐྲུན་ལས་གྲྭའི་ཡུལ་དངོས་སུ་ལྗིད་ཚད་ཏུན370ཡོད་པའི་སྟོང་ཧྥུ1000ཡི་གློག་སྒྱུར་ས་ཚུགས་གཙོ་བོ་ཞིག་བསྒྲིགས་ཡོད། དེ་ནི་རྒྱལ་ནང་དུ་གཞི་ཁྱོན་ཆེ་བའི་མཐོ་གནོན་གློག་སྒྱུར་ས་ཚུགས་གཙོ་བོ་སྒྲིག་སྦྱོར་བྱེད་པའི་ལག་རྩལ་ཐོག་མ་དེ་ཡིན་པ་རེད།

དར་མདོ་གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེ་རྒྱལ་ཁབ་གློག་དྲྭའི་མཐོ་གནོན་སྤྱི་གཉེར་ཁང་གིས་འཛུགས་སྐྲུན་དོ་དམ་བྱས་པ་དང་། ད་ཐེངས་ལ་ལྷུ་བཤིག་སྒྲིག་སྦྱོར་གྱི་ལག་རྩལ་སྤྱད་པ་རེད། གློག་སྒྱུར་གཙོ་བོ་ཡུལ་དངོས་སུ་དབོར་རྗེས་སྤྱི་ཟླ3པའི་ཚེས1ནས་བཟུང་སྒྲིག་སྦྱོར་བྱེད་འགོ་བཙུགས་ཏེ་དུས་ཡུན་ཉིན45འགོར་བ་དང་། རང་རྒྱལ་གྱི་ཆེས་མཐོ་གློག་གི་ལོ་རྒྱུས་ཀྱི་ཟིན་ཐོ་གཞན་ཞིག་བཏོད་པ་རེད།

ཁྲོན་ཁྲུང་ཆེས་མཐོ་གློག་སྤེལ་རེས་ལས་གྲྭ་དཀར་མཛེས་ཁུལ་གྱི་སྟོང་ཧྥུ1000གློག་སྒྱུར་ས་ཚུགས་གསར་སྐྲུན་ལས་གྲྭ་དེ་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་ལི་ཆུ་གྲོང་སྡེར་གནས་པ་དང་། ད་ཐེངས3000MVAཡི་གློག་སྒྱུར་གཙོ་བོ2སྒྲིག་སྦྱོར་བྱས་པ་རེད། ཁྲོན་ཁྲུང་ཆེས་མཐོ་གློག་སྤེལ་རེས་ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལས་གཞི་གྲུབ་རྗེས་རང་རྒྱལ་ལྷོ་ནུབ་གློག་དྲྭའི་དྲ་སྒྲོམ་གཙོ་བོའི་གློག་གནོན་རིམ་པ་སྟོང་ཧྥུ500ནས་སྟོང་ཧྥུ1000བར་མཐོ་རུ་ཕྱིན་པ་དང་། ལོ་ལྟར་གློག་ནུས་གཙང་དག་ཏུའུ་དུང་ཕྱུར120ཙམ་སྐྱེལ་ཐུབ་ཅིང་། ཉག་ཆུ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་གློག་ཉེན་མེད་ངང་སྐྱེལ་འདྲེན་ཐུབ་ལ། ཁྲེང་ཏུའུ་དང་ཁྲུང་ཆིང་གི་གློག་ཐེག་ནུས་ལྟེ་གནས་ཀྱི་གློག་སྤྱོད་དགོས་མཁོ་བསྐངས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་གློག་ཤུགས་འགན་ལེན་ནུས་པ་ཆེ་རུ་གཏང་རྒྱུ་རེད།། ( མཁས་གྲུབ་ཀྱིས་བསྒྱུར།)