བསྐལ་བཟང་སོ་ནམ་ལས་ལ་བྲེལ།། དཔྱིད་ཀྱི་དུས་བཟང་དམ་དུ་བཟུང་།། ད་སྔར་ནི་དཔྱིད་རྨོད་གྲ་སྒྲིག་གི་དུས་ཚོད་ཡིན་པས། དཔལ་ཡུལ་རྫོང་གི་ཞིང་ར་ཀུན་ཏུ་འཕྲུལ་ཆས་ཀྱི་གཟུགས་དབྱིབས་ཁེངས་ཡོད་པ་དང་བསྟུན་ནས་དཔྱིད་རྨོད་ཀྱི་ལས་ཀར་བྲེལ་བཞིན་ཡོད།
འཛིང་ཁོག་ཡུལ་ཤོག་སྦས་ཁ་གྲོང་སྡེའི་ཡུལ་མི་ཚོས་གྲོང་པའི་ཐུན་མོང་དཔལ་འབྱོར་འདེབས་འཛུགས་རྟེན་གཞིར་འདེབས་འཛུགས་ལ་བྲེལ་བཞིན་ཡོད་པ་ལས་དཔྱིད་རྨོད་ཀྱི་དུས་ཚོད་ལ་དམ་དུ་འཛིན་བཞིན་ཡོད་པ་མཚོན་ཐུབ། ཡུལ་མི་ཚོས་ལས་བགོས་ཁ་གསལ་པོར་ཕྱེས་ཡོད་དེ། ལ་ལས་རྡོ་གཙང་སེལ་དང་། ལ་ལས་ཆུ་རྒྱག་པ། ལ་ལས་ཕྱོགས་གཅིག་ནས་འཇོར་དང་ཕྱོགས་གཅིག་ནས་སྔོ་ཚལ་གྱི་ས་བོན་བཟུང་ནས་བྲེལ་འཚུབ་ངང་སྔོ་ཚལ་འདེབས་ཀྱི་ཡོད། གསར་འགོད་པའི་མཐོང་ལམ་དུ་སྔོ་ཚལ་དྲོད་ཁང་ནང་རང་འགུལ་ཅན་གྱི་ཆུ་འདྲེན་ལག་རྩལ་སྤྱོད་ཡོད་པས་དེས་མི་ཤུགས་ངལ་རྩོལ་བཅིངས་འགྲོལ་གཏོང་ཐུབ་ལ་ཆུ་འདྲེན་གནད་ལ་འཁེལ་བ་ཡང་བྱས་ཐུབ། སྔ་འདེབས་ཚལ་སྣག་དང་ལ་ཕུག་སོགས་ཀྱི་ལྗང་བུ་སོ་མ་སྐྱེས་ཡོད་པ་དང་སྐྱེས་ཚུལ་ཡང་ལེགས་པོ་བྱུང་འདུག།
སྦས་ཁ་གྲོང་སྡེའི་ཧྲུའུ་ཅི་དང་པོ་བསོད་ནམས་ཉི་མས་གསར་འགོད་པར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ན་ནིང་གྲོང་སྡེར་ལིན་ཧྥེང་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་མ་རྨོས་ལོ་ཏོག་འདེབས་འཛུགས་དང་ད་ལོར་ད་དུང་སྔོ་ཚལ་དྲོད་ཁང་གསར་པ་ཡང་བསྐྲུན་ཡོད། ཕྱིན་ཆད། ང་ཚོས་ཡུལ་མི་ཚོ་ཁྲིད་དེ་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་སྡེ་དེ་གའི་མི་རྣམས་ས་གནས་དེ་གར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ་འབངས་ཀྱི་ཡོང་འབབ་མང་དུ་བཏང་བ་དང་རང་ཉིད་ལ་དབང་བའི་ཐོན་ལས་ཀྱི་ཟོང་རྟགས་བསྐྲུན་རྒྱུ་ཡིན་ཞེས་བཤད།
ས་ཆ་སྤྱོད་ཚད་མཐོ་རུ་གཏོང་བ་དང་དེ་སྔོན་ཆུང་ལ་ཐོར་བའི་ས་ཆ་གཉེར་སྐྱོང་བྱེད་སྟངས་ལས་ཐར་ཆེད།ཉེ་བའི་ལོ་ཤས་རིང་སྦས་ཁ་གྲོང་སྡེ་རང་ངོས་ཀྱི་དོན་དངོས་དང་སྦྲེལ་ཏེ་ཚོང་འགུགས་མ་དངུལ་འདྲེན་པ་དང་ས་ཆ་འཁོར་རྒྱུག་སོགས་ཀྱི་བྱ་ཐབས་བརྒྱུད་དེ“སྲིད་གཞུང+ཞིང་དུད+ཁེ་ལས”ཀྱི་ས་ཆ་གཉེར་སྐྱོང་བྱེད་སྟངས་གསར་པ་ཆགས་པ་དང་།“སྲིད་གཞུང་གིས་སྣེ་ཁྲིད་པ་དང་ཡུལ་མི་ནང་དུ་ཞུགས་པའི”ཐབས་ལ་བརྟེན་ནས་“གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན”གྱི་དེང་རབས་ཞིང་ལས་རྟེན་གཞི་བསྐྲུན་རྒྱུར་གཞོལ་ཡོད།
ཐུའུ། ཐུའུ། ཐུའུ་ཞེས་པའི་ཞིང་རྨོ་འཕྲུལ་ཆས་ཀྱི་སྒྲས་འཇམ་ཐིང་ཐིང་གི་གྲོང་སྡེ་གཉིད་ལས་དཀྲོགས་སོང་། སྔོ་ཚལ་དྲོད་ཁང་གི་ཕྱི་རོལ་ནི་ལིན་ཧྥེང་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་གཙང་བླངས་པའི་སྦས་ཁ་གྲོང་སྡེའི་མ་རྨོས་ལོ་ཏོག་འདེབས་འཛུགས་རྟེན་གཞི་ཡིན། ཞིང་རྨོ་འཕྲུལ་འཁོར་གྱི་ལག་རྩལ་པ་རྣམ་རྒྱལ་ཚེ་བརྟན་གྱིས་བྱང་ཆུབ་པའི་ངང་འཕྲུལ་འཁོར་བཀོལ་སྤྱོད་བྱེད་བཞིན་ཡོད། འཕྲུལ་འཁོར་གྱིས་ཡང་ཡང་བསློགས་རྗེས་ཀྱི་ས་རྒྱུ་སོབ་སོབ་དང་སྙི་མོར་གྱུར་འདུག། རྣམ་རྒྱལ་ཚེ་བརྟན་གྱིས་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་དུ་ལིན་ཧྥེང་སྤྱི་གཉེར་ཁང་དུ་ལས་ཀ་བྱས་ནས་ལོ་གཅིག་ལྷག་ཕྱིན་ཡོད། རང་ཉིད་ཀྱིས་ལག་རྩལ་སྦྱངས་ཐུབ་པར་མ་ཟད། སྒོ་ཁ་ནས་སྒོར་མོ་ཡང་ལེན་ཐུབ་པས་དངོས་གནས་སྟབས་བདེ་བ་ཞིག་རེད་ཅེས་བཤད།
ལིན་ཧྥེང་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་བ་ཨ་ཏུའོ་ཡིས་གསར་འགོད་པར་སྤྱི་གཉེར་ཁང་དེ་ན་ཐོན་རྗེས་ཡུལ་མི་ཚོར་འདེབས་འཛུགས་ཀྱི་འདུ་ཤེས་གསར་པ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། སྲོལ་རྒྱུན་གྱི་ཞིང་ལས་ལས་སྒྲུབ་ལ་དེང་རབས་ཞིང་ལས་ལག་རྩལ་མཛུབ་ཁྲིད་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ཐག་བཅད་པ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་འཕར་དང་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་ཀྱི་ཡོད་ཅེས་བཤད། ན་ནིང་སྤྱི་གཉེར་ཁང་དེས་སྦས་ཁ་གྲོང་སྡེའི་ས་ཞིང་མུའུ550འཁོར་རྒྱུག་བྱས་པ་དང་དེར་གླ་བརྒྱབ་པའི་ཡུལ་མི་ཚོར་གླ་ཆ་སྒོར་ཁྲི27ལྷག་སྤྲད་པ་རེད། ཕྱིན་ཆད། མུ་མཐུད་ནས་ས་ཆ་འཁོར་རྒྱུག་བྱས་ནས་འདེབས་འཛུགས་ཀྱི་ཐོན་ལས་སྔར་བས་རྒྱ་ཆེར་གཏང་རྒྱུ་ཡིན་པ་རེད།
ཐོན་ལས་འཕེལ་རྒྱས་གཏོང་བ་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ་དང་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་བྱེད་པའི་ཐད་ཀར་དང་ཕན་ནུས་ཆེ་ཤོས་ཀྱི་བྱ་ཐབས་ཤིག་ཡིན། དཔལ་ཡུལ་རྫོང་སྦས་ཁ་གྲོང་སྡེས་རང་ཉིད་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ་ཡུལ་མི་རྣམས་རྣམ་པ་རྐྱང་པའི་སྲོལ་རྒྱུན་གྱི་འདེབས་འཛུགས་ནས་ཚན་རིག་དང་མཐུན་པའི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་སུ་བསྒྱུར་རྒྱུར་རྒྱུན་ཆད་མེད་པར་འཚོལ་ཞིབ་སྣེ་ཁྲིད་བྱས་ནས་ཡུལ་མི་ཚོའི་འདེབས་འཛུགས་ཧུར་སེམས་ཚད་ངེས་ཅན་ངང་སྐུལ་སློང་ཐུབ་ཡོད། ས་ཞིང་འཁོར་རྒྱུག་ཐུབ་པ་དང་ཕན་འབྲས་ཐོབ་པས་ཞིང་ལས་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རེ་ཁ་གྲོང་སྡེས་ཡུལ་མི་ཚོའི་ཁང་པའི་མཐའ་འཁོར་གྱི་ས་ཆ་སྔར་བས་བེད་སྤྱོད་ཡག་པོ་བྱས་ནས་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་འདེབས་འཛུགས་ཚོད་ལྟ་བྱས་ཏེ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་སྐུལ་སྤེལ་དང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཡོང་འབབ་འཕར་བའི་ཐབས་ལམ་བསྐྱེད་དེ། མང་ཚོགས་ཀྱི་ཡོང་འབབ་ཇེ་འཕར་ཡོང་ནས་ཕྱུག་པོར་ཆགས་རྒྱུར་མུ་མཐུད་སྐུལ་ཁྲིད་བྱ་རྒྱུ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར། )