国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་མོ་ལ་སྟོད་པའི་ཡུལ་ཤོག་གིས་དཔྱིད་རྨོད་བྱེད།

སྤྱི་ཟླ4པའི་ཚེས11ཉིན་ལི་ཐང་རྫོང་མོ་ལ་སྟོད་པ་ཡུལ་ཤོག་རྩིས་འདྲ་གྲོང་སྡེའི་ཞིང་དུ་ཉམས་མྱོང་ལྡན་པའི་གྲོང་སྡེའི་ལས་བྱེད་པས་ཡུལ་ཤོག་གི་དང་བླངས་པ་ཚོར་ཞོག་ཁོག་དང་ནས་འདེབས་ཤེས་བྱ་སློབ་ཁྲིད་བྱེད་བཞིན་ཡོད།

དཔྱིད་ཀའི་ཉི་འོད་དྲོད།། འདེབས་འཛུགས་དུས་སྐབས་བཟང་།། མོ་ལ་སྟོད་པ་ཡུལ་ཤོག་ཏང་ཨུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚུགས་ཀྱི་དང་བླངས་པ་དང་ཏང་མི་དང་བླངས་ཞབས་ཞུའི་རུ་ཁག་བསྡུས་ནས་དཔྱིད་རྨོད་དུས་ཚིགས་དམ་དུ་བཟུང་ནས་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ཅིང་ཞིང་མུ་ཁར་སོང་བ་དང་། ལྷག་པར་ཁྱིམ་དུ་རྩོལ་ཤུགས་མེད་པའམ་མི་འདང་བའི་ཞིང་དུད་ལ་དཔྱིད་རྨོད་རོགས་རམ་བྱས་ཤིང་། དོན་དངོས་ཐོག་ཞིང་གསུམ་འཕེལ་རྒྱས་ལ་ཞབས་འདེགས་དང་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱེད་བཞིན་ཡོད།

རྩིས་འདྲ་གྲོང་སྡེའི་ལྟ་ཞིབ་ཚད་ལེན་དུད་ཚང་སྒྲོལ་དཀར་གྱིས་དང་བླངས་པ་ཚོས་འདེབས་འཛུགས་གནས་ཚུལ་རྒྱུས་ལོན་དང་། ཞིང་མུ་ཁར་སོང་ནས་རིམ་པ་ལྟར་ཞིང་རྨོ་བ་དང་། སོན་འདེབས། ལུད་རྒྱག་བཅས་ཕན་ཚུན་གཞོགས་འདེགས་བྱེད་བཞིན་ཡོད། ངའི་ཁྱིམ་དུ་མི་གཉིས་ཡོད་ཀྱང་ངལ་རྩོལ་སྟོབས་ཤུགས་ང་གཅིག་ལས་མེད། སྔོན་ཆད་ཁྱིམ་གྱི་ཞིང་ས་གཟའ་འཁོར་གཅིག་རིང་ལ་འདེབས་དགོས་ཀྱི་ཡོད། ད་ཐེངས་ཁྱེད་ཚོས་རོགས་རམ་འོག་ཉིན་གཅིག་ནང་བཏབ་ཚར་སོང་། ཐུགས་རྗེ་ཆེ་ཞུས་ཞེས་བཤད་པ་རེད།

དུས་འགོའི་ནང་མོ་ལ་སྟོད་པ་ཡུལ་ཤོག་གིས་གྲོང་སྡེའི་བཅའ་སྡོད་རོགས་སྐྱོར་ལས་དོན་རུ་ཁག་དང་གྲོང་སྡེའི་ཨུ་ལྷན་གཉིས་བསྡུས་ནས་དུད་ཚང་ལ་འཚམས་འདྲི་བྱས་ཏེ་ཞིང་དུད་ཀྱི་འདེབས་འཛུགས་འདོད་མོས་དང་དགོས་མཁོར་གཞིགས་ནས་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་དང་འབྲེལ་བ་བྱས་ནས་མོ་ལ་སྟོད་པ་ཡུལ་ཤོག་གི་མང་ཚོགས་ལ་ཞོག་ཁོག་ས་བོན་ཏུན90དང་ནས་ས་བོན་སྤྱི་རྒྱ18000ལྷག་རག་ཐབས་བྱས་ཡོད། སྤེན་མགོ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་རྫོང་དང་ཡུལ་ཤོག་ཏང་ཨུ་སྲིད་གཞུང་གིས་དཔྱིད་རྨོད་འགག་རྩའི་དུས་སུ་ང་ཚོར་ས་བོན་བསྐྱལ་བར་ཐུགས་རྗེ་ཆེ་ཞུས། ང་ཚོས་ངེས་པར་དུ་ས་བོན་ཡག་པོ་གདབ་དགོས་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མོ་ལ་སྟོད་པ་ཡུལ་ཤོག་གི་འབྲུ་རིགས་ཉེན་མེད་ལས་དོན་གྱི་སྤྱིའི་བླང་བྱ་འགན་ལེན་བྱ་ཆེད་ཏང་ལེགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་ནས་སྲིད་འཛིན་གྲོང་སྡེ7གྱི་ཏང་ཀྲི་པུའུ་དང་ཞིང་དུད་བར་རྨོ་ཞིང་ལུགས་མཐུན་བེད་སྤྱོད་ཀྱི་ཁས་ལེན་ཡི་གེ300ལྷག་བཞག་པ་དང་འབྲེལ་ཞིང་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པའི་ལས་དོན་ཡུན་རིང་སྤེལ་ནས་ད་ལོར་མོ་ལ་སྟོད་པ་ཡུལ་ཤོག་གི་རྨོ་ཞིང་མུའུ5167.29ལ་ཟིན་རྒྱུའི་འགན་ལེན་བྱས་པ་དེའི་ནང་ནས་ནས་མུའུ3380.92དང་། ཞོག་ཁོག་མུའུ694.42དང་། གྲོ་མུའུ513.51དང་། ཞིང་ལས་སྐྱེ་དངོས་གཞན་དག་མུའུ578.44བཅས་ཡོད།

མོ་ལ་སྟོད་པ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་སྐལ་བཟང་འཕྲིན་ལས་ཀྱིས་ཕྱིན་ཆད་ངེད་ཡུལ་ཤོག་གིས་“གཞི་རིམ་དུ་སྤེལ་བ་བཞིའི”་སྤྱོད་ཚུལ་ལག་ལེན་བྱས་ནས་བྱ་སྤྱོད་དངོས་ཐོག་ནས་མང་ཚོགས་ལ་བྱ་བ་བསྒྲུབ་རྒྱུ་ཡིན་པར་མ་ཟད་ཕྱོགས་ཡོངས་ནས་འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཡུལ་ཤོག་ཡོངས་ཀྱི་རྨོ་ཞིང་ས་རྒོད་དུ་ལོག་པའི་སྣང་ཚུལ་མེད་པར་བཏང་ནས་ཞིང་དུད་ཀྱི་ཞིང་ལས་ཡོང་འབབ་བརྟན་པོའི་ངང་འཕར་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།། ( ཀུན་དགས་བསྒྱུར།)