国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཀྲ་ཤིས་ཁ་བ།

ཉི་གཞོན་ཨང་ཉེར་གསུམ་པ་བྱེ་མར་ཐགས་ནས་

མི་ཡུལ་ལ་ཐོར།

ནག་ནོག་གི་དྲི་མས་སྦགས་པའི་སྟོང་ལོ་ཞིག།

དུ་བྲལ་གཡུལ་འཁྲུག་གི་འཕག་འཚག་ང་རོའི་ཀློང་ནས།

ཧྲུག་ཧྲུག་ཏུ་བཅོས་ཏེ་ཁྱུར་མིད་དུ་བཏང་།

སྤྲིན་པའི་མངལ་དུ་ཁུར་བའི་མེ་ཏོག་དཀར་པོས།

ཡོད་ཚད་གསར་པ་ཞེས་པའི་དབུ་ཁྱུད་ཀྱི་ཕུད་སྟོར།

རྡོག་འོག་གི་ཐྲིག་སྒྲས་ཀྱང་བཀྲ་ཤིས་ཀྱི་དབྱངས་དཀྲོལ།

སེམས་ཀྱི་རྨི་ལམ་ལ་ཁ་དོག་གི་མདངས་འཚེར།

དཀར་གཙང་གཙང་གི་ཁ་བའི་འཕུར་མཆོངས་ཁྲོད།

རྒྱང་བཞུད་ཀྱི་རེ་ཁཱར་ཡིད་ཆེས་ཀྱི་ས་བོན་སྦྲུམ།

མདུན་སྐྱོད་ཀྱི་གཤོག་པར་ཟིལ་ཤུགས་ཀྱི་མེ་དབལ་ཚ།

ཡིད་ལ་བརྣགས་པའི་བདེན་དོན་ལ་གངས་རིའི་

རང་མདངས་ཤར།

མཐོང་ལམ་འོ་མའི་མདངས་ཀྱིས་བྲན་དུས།

སྐྱ་རེངས་ཀྱི་ཐུ་འོག་ཉི་སྐར་བཟང་པོས་ཕྱེ།

འབྱུང་འགྱུར་གྱི་འཆར་གཞིར་གཡང་གི་ཕྲ་བརྒྱན།

རེ་འདོད་ཀྱི་ལམ་བུར་དགེ་ལེགས་ཀྱི་ཤིས་པ་བསྩལ།

༼ སྟག་རིག་འབྲུག་ཐར། ༽